སྲིད་སྤྱིའི་འོས་མི་ཚོས་མང་ཚོགས་ཀྱི་ཁ་ཕྱོགས་དང་མངོན་འདོད་ལ་བརྩི་བཀུར་དང་འགན་ཁུར་གནང་དགོས།
མདོ་སྟོད་མང་ཚོགས་ལ་མཚོན་ན་སྔོན་འགྲོའི་འོས་གཞི་ཞིག་བཏོན་ཏེ་བྱིས་པར་ལམ་སྣ་ཁྲིད་བསྡད་དགོས་པ་ལྟ་བུ་ཞིག་མཐོང་གི་མེད་ལ། བོད་ཀྱི་བསྟན་སྲིད་སྤྱི་ལ་ཕན་པའི་སྲིད་སྐྱོང་དང་། སྤྱི་འཐུས་ཤིག་གདམས་སྒྲུབ་བྱེད་པར་རྣམ་དཔྱོད་ལྡན་པའི་ཐོག་གོ་རྟོགས་ཏག་ཏག་ཅིག་སད་བསྡད་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་མདོ་ཁམས་ཆུ་བཞི་སྒང་དྲུང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་བསྒྲགས་འདུག
མདོ་སྟོད་མང་ཚོགས་ལ་མཚོན་ན་སྔོན་འགྲོའི་འོས་གཞི་ཞིག་བཏོན་ཏེ་བྱིས་པར་ལམ་སྣ་ཁྲིད་བསྡད་དགོས་པ་ལྟ་བུ་ཞིག་མཐོང་གི་མེད་ལ། བོད་ཀྱི་བསྟན་སྲིད་སྤྱི་ལ་ཕན་པའི་སྲིད་སྐྱོང་དང་། སྤྱི་འཐུས་ཤིག་གདམས་སྒྲུབ་བྱེད་པར་རྣམ་དཔྱོད་ལྡན་པའི་ཐོག་གོ་རྟོགས་ཏག་ཏག་ཅིག་སད་བསྡད་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་བསྒྲགས་འདུག
དེ་ཡང་ཟླ་འདིའི་ཚེས་༣༠ ཉིན་གྱི་སྔ་དྲོ་ལྡི་ལིར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་སྔོན་འགྲོའི་འོས་མི་འདོན་གྱི་མེད་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
གསར་འགོད་གསལ་བསྒྲགས་གཏམ་ནང་འཁོད་དོན། སྤྱིར་བཏད་བར་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའིི་ངོས་ནས་བཀའ་སྤྱི་གཉིས་ཀྱི་འོས་མི་བཏོན་པའི་ལམ་སྲོལ་ཞིག་ཡོད་པ་རེད་ལ། དེའང་མདོ་སྟོད་ཀྱི་གནད་ཡོད་མི་སྣ་རྣམ་པ་དང་། དབུས་དང་ས་གནས་ཀྱི་རྒྱུན་ལས་རྣམ་པས་གྲོས་བསྡུར་བྱས་ཏེ་བཏོན་པ་དེ་དག་གིས་ཀྱང་ད་བར་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་གཞིར་བཟུང་། བོད་བསྟན་སྲིད་མི་རིགས་སྤྱིའི་རྩ་དོན་ཐད་མངོན་ལྐོག་རྒྱབ་མདུན་མེད་པ་འགན་ཁུར་བ་དང་། མང་ཚོགས་ཀྱི་ཡང་དག་པའི་སྐུ་ཚབ་མཚོན་ཐུབ་པའི་མི་སྣ་རེ་བྱུང་བསྡད་ཡོད་པ་རེད། འོན་ཀྱང་འདི་ལོར་དབུས་རྒྱུན་སྐབས་༢༠ ཚོགས་ཐེངས་ ༥ པའི་སྟེང་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་མི་འདོན་རྒྱུའི་སྤྱི་མོས་གྲོས་ཆོད་བྱུང་ཡོད་པ་རེད། དེའི་རྒྱུ་མཚན་ནི། གཅིག་ན་བོད་ཀྱི་སྤྱི་ཚོགས་ནང་མང་གཙོའི་ལམ་སྲོལ་དབུ་བརྙེས་ཏེ་མི་ལོ་༥༣ ཙམ་འཁོར་ཡོང་གིན་ཡོད་པ་རེད། ༸གོང་ས་མཆོག་གིས་ཐོག་མ་མང་གཙོ་གསོལ་རས་གནང་པའི་རྒྱུ་མཚན་དང་། གསོལ་རས་གནང་ནས་ད་བར་གྱི་ཐུགས་རེ་གཙོ་བོ་དེ་ཆོལ་ཁ་བྱེ་བྲག་པའི་ལངས་ཕྱོགས་བཟུང་བསྡད་རྒྱུ་ཙམ་མིན་པ། བོད་མི་མི་རེ་ངོ་རེ་ནས་བོད་སྤྱི་པའི་རྩ་དོན་འདི་མགོ་ཚོས་པ་དང་། མང་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་འགན་ཁུར་ཐུབ་རྒྱུ་དེ་ཡིན་པ་ལྟར། ད་ཐེངས་འདི་ནས་༸རྒྱལ་བའི་དགོངས་པ་བཞིན་མང་ཚོགས་ཀྱིས་མང་གཙོའི་ཁེ་དབང་ཡང་དག་པ་ཞིག་ལོངས་སུ་སྤྱོད་ཐུབ་ཐབས་ཀྱི་ཆེད་དུ་ཡིན།
གཉིས་ན་འདས་པའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་གནང་སྟངས་དང་། དེ་ལས་ཀྱང་ད་ལྟའི་བརྡ་འཕྲིན་གྱི་དུས་རབས་འདིར་ཕན་ཚུན་འབྲེལ་ལམ་དང་། རྒྱུས་ལོན་ཡོང་རྒྱུར་དེ་ཙམ་ཁག་པོ་མེད་པ་སོགས་ལ་བརྟེན་མདོ་སྟོད་མང་ཚོགས་ལ་མཚོན་ན་སྔོན་འགྲོའི་འོས་གཞི་ཞིག་བཏོན་ཏེ་བྱིས་པར་ལམ་སྣ་ཁྲིད་བསྡད་དགོས་པ་ལྟ་བུ་ཞིག་མཐོང་གིན་མེད་ལ། བོད་ཀྱི་བསྟན་སྲིད་སྤྱི་ལ་ཕན་པའི་སྲིད་སྐྱོང་དང་། སྤྱི་འཐུས་ཤིག་གདམས་སྒྲུབ་བྱེད་པར་རྣམ་དཔྱོད་ལྡན་པའི་ཐོག་གོ་རྟོགས་ཏག་ཏག་ཅིག་སད་བསྡད་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད།
གསུམ་ན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པ་འདི་མདོ་སྟོད་ཆོལ་ཁའི་སྒྲིག་འཛུགས་ལྟེ་བ་དང་། མང་ཚོགས་ཀྱི་ཡིད་ཆེས་བྱ་ས་གཙོ་བོ་དེ་ཡིན་དུས་བཀུར་འོས་ལས་ཐོག་སྤྱི་འཐུས་རྣམ་པ་དབུར་བཞུགས་ཐོག འདི་ལོ་མདོ་སྟོད་མང་ཚོགས་ཀྱི་ནང་ནས་གཞོན་སྐྱེས་འདབ་གཤོག་གཉིས་ལྡན་ཅན་གྱི་དང་བླངས་འོས་མི་མང་པོ་ཞིག་ཐོན་ཡོང་བཞིན་འདུག་པས། དེ་དག་ཚང་མ་ལ་ཆེ་མཐོང་དང་གུས་བཀུར་ཞུས་ཏེ། སྔོན་འགྲོའི་འོས་གཞིའི་ནང་གདམས་གསེས་བྱས་ཏེ་འོས་མི་ཟུར་འདོན་ཞུ་མ་དགོས་པ་བྱས་པ་ཡིན།
མཐའ་དོན། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་ལ་རྒྱ་མ་ཤོར་པའི་ཐོག འདས་པའི་ཕ་མེས་དམ་པ་ཚོས་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ཏེ་དགྲ་རྒོལ་བོད་སྐྱོབ་ཀྱིས་བོད་ཀྱི་སྲིད་པ་འདི་ཇི་ལྟར་བསྐྱངས་པའི་བྱུང་རབས་ཁག་ལ་རྒྱུས་ལོན་བྱས་ཏེ་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་རླབས་ཆེན་དགོངས་བཞེད་ལྟར་ད་ལྟའི་བོད་ཀྱི་ཆེས་དཀའ་སྡུག་གཉན་འཕྲང་ཅན་གྱི་དུས་ཚོད་འདིར་དཔལ་ལྡན་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་མི་ཚད་ལྡན་རེ་འདོན་ཐུབ་པའི་རེ་བ་དང་ཡིད་ཆེས་གཙང་མ་བྱེད་བཞིན་ཡོད་ལ། འོས་མིར་བཞེངས་མཁན་ཚོའི་ངོས་ནས་ཀྱང་རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་ན། མང་ཚོགས་ཀྱི་ཁ་ཕྱོགས་དང་མངོན་འདོད་རྣམས་ལ་གོ་རིམ་ལྡན་པའི་བརྩི་བཀུར་དང་འགན་ཁུར་གནང་དགོས་པས་མ་ཚད། དེ་དག་ལ་རྒྱུན་དུ་ནས་འགན་ཁུར་དང་སྣེ་ཁྲིད་བྱེད་མཁན་དག་ཀྱང་ངོ་ཤེས་པར་བྱས་ཏེ་བརྒྱུད་རིམ་ལྡན་པ་ཞིག་བྱ་དགོས་རྒྱུ་དེའང་འོས་མི་ཞིག་གི་ཆ་རྐྱེན་རེད་བསམ་བཞིན་ཡོད་ཅེས་འཁོད་འདུག
གཞན་ཡང་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོར་དགུང་གྲངས་༨༠ ཐམ་པར་ཕེབས་ཀྱི་ཡོད་པའི་དུས་སྐབས་འདི་དང་བསྟུན་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ངོས་ནས་ཧ་ཅང་གལ་ཆེན་དོན་ཆེན་ཞིག་ལ་བརྩིས་ཏེ། དབུས་ས་གཉིས་ནས་སྐུ་ཕྱྭའི་ཞབས་རིམ་གཞི་རྒྱ་ཆེ་བ་ཞིག་སྒྲུབ་ཡོད་པའི་སྐོར་གྱི་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། རྒྱལ་ས་ལྷ་ས་ནས་གསེར་ཁྲི་ཁམས་གསུམ་ཟིལ་གནོན་གསར་བཞེངས་ཞུས་ཏེ་བརྟན་བཞུགས་ཐོག་མ་ཕུལ་བ་ནས་ད་བར་བརྟན་བཞུགས་གྲངས་༦ ཙམ་ཕུལ་རྒྱུའི་བསྐལ་བཟང་བྱུང་འདུག་ལ། དེ་བཞིན་མདོ་སྟོད་ཆོལ་ཁའི་ལུང་ཚན་ཁག་བཅུ་ཙམ་གྱིས་བརྟན་བཞུགས་འབུལ་རྒྱུའི་དུས་བཟང་བྱུང་སྟེ་ཧ་ཅང་དགའ་སྤོབས་འོས་པ་བྱུང་འདུག དེར་བརྟེན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་༤༥ པའི་སྟེང་ནས་སྤྱི་མོས་སུ་གྲོས་ཆོད་བཞག་སྟེ་༸རྒྱལ་བའི་ཞབས་རིམ་ཆེན་མོ་སྒྲུབ་རྒྱུ་བྱས་པ་ལྟར། ཐོག་མའི་དམིགས་ཡུལ་གཞིར་བཟུང་དབུས་རྒྱུན་གྱིས་སྣེ་ཁྲིད་དེ་ཞབས་རིམ་ཧ་ཅང་ཡག་པོ་སྒྲུབ་ཐུབ་པ་བྱུང་ཡོད། ཐེངས་འདིའི་༸རྒྱལ་བའི་ཞབས་རིམ་ཁག་བསྡོམས་ན་ཚེ་ཐར་སྲོག་བླུ་གྲངས་ ༡༩༤༣༨༠། འབྲས་ལྡན་ཤིང་སྣ་བཏབ་པ་གྲངས་ ༣༦༢། ཁོར་ཡུག་གཙང་བཟོའི་སྐོར་ནས་བཞུགས་སྒར་རྡ་རམ་ས་ལ་དང་། ལྡི་ལི་བསམ་ཡས་གླིང་། བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་མདུན། དེ་བཞིན་ལྡེ་ར་ལྡུན་བོད་མའི་གཞིས་སྒར་ཁུལ་དང་། ཧི་མ་ཅལ་ཁུལ་བཅས་ལ་ཁོར་ཡུག་གཙང་བཟོའི་ལས་གཞི་སྤེལ་ཡོད། དེ་མིན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གྱང་སྦྱར་པར་རིས་སྤུས་ལྡན་གྲངས་ ༥༠༠ འགྲེམས་སྤེལ་དང་། མགྱིག་གི་གད་སྒམ་སྤུས་ལྡན་གྲངས་ ༢༥ མང་ཚོགས་ལ་ཕུལ་ཡོད། ད་དུང་རྒྱལ་བའི་བཀའ་འགྱུར་དག་ཚར་ ༡། སྒྲོལ་མ་འབུམ་ཐེར་ ༢ ཀྱིས་མཚོན་ཞབས་རིམ་གསོག་སྒྲུབ་རྒྱ་ཆེན་ཞུས་ཡོད་འདུག །
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།