ཡུ་ཀེ་རེན་གྱི་ཚོང་པ་གྲགས་ཆེན་ཞིག་ཨུ་རུ་སུའི་མེ་ཤུགས་འཕུར་མདའ་ཡིས་བསད་ཡོད་འདུག
དེ་རིང་ཕྱི་ཚེས་ ༡ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་ཀེ་རེན་ནང་དུ་འབྲུ་རིགས་ཕྱིར་འདྲེན་དང་ནང་འདྲེན་ཆེ་ཤོས་བྱེད་མཁན་གྱི་ཡུ་ཀེ་རེན་གྱི་ཕྱུག་བདག་ཚོང་པ་ཝ་དྷ་ཐར་སེ་ཀེ་ (Oleksiy Vadatursky) དང་ཁོང་གི་ཆུང་མ་གཉིས་པོ་ཨུ་རུ་སུའི་མེ་ཤུགས་འཕུར་མདའི་གཏོར་རྒོལ་ཕོག་སྟེ་འདས་གྲོངས་སུ་ཕྱིན་ཡོད་སྐོར་བརྗོད་འདུག
ཡུ་ཀེ་རེན་གྱི་མ་ཀའོ་ལེབ་(Mykolaiv) གྲོང་ཁྱེར་རུ་རྟེན་གཞི་བྱེད་པའི་ནེ་བུ་ལའོ་ (Nibulon) ཞིང་ལས་ཁེ་ལས་ཁང་དེ་ནི་སྐུ་ཞབས་ཝ་དྷ་ཐར་སེ་ཀེ་ (Oleksiy Vadatursky) ཡིས་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། ཡུ་ཀེ་རེན་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་གྲོ་དང་། སོ་བ། མ་རྨོས་ལོ་ཏོག་ཐོན་སྐྱེད་དང་ཕྱིར་འདྲེན་བྱེད་མཁན་ཆེ་ཤོས་ཞིག་ཡིན་ཁར། གྲུ་གཟིངས་བཟོ་གྲྭ་དང་གྲུ་གཟིངས་ཕོན་ཆེན་ཡོད་པའི་ཁེ་ལས་ཁང་ཞིག་ཡིན་པ་མ་ཟད། གྲོང་ཁྱེར་དེ་ནས་ཡུ་ཀེ་རེན་གྱི་མཚོ་ནག་ཁུལ་གྱི་གྲུ་ཁ་ཆེ་ཤོས་ཨའོ་དྷི་ས་གྲུ་ཁར་སྐྱོད་པའི་འགྲོ་ལམ་གཙོ་བོ་ཡིན་པར་བརྟེན། ཨུ་རུ་སུས་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་ཡུ་ཀེ་རན་ལ་བཙན་འཛུལ་བྱས་པ་ནས་བཟུང་ས་ཁུལ་དེར་གནོད་འཚེ་ཐེངས་མང་ཕོག་ཡོད་སྐོར་བརྗོད་ཡོད་འདུག
དེ་བཞིན་མ་ཀའོ་ལེབ་གྲོང་ཁྱེར་ས་གནས་དབུ་ཁྲིད་སྐུ་ཞབས་ཀེམ་(Vitaliy Kim)གྱིས་བརྗོད་དོན་ལ། ནེ་བུ་ལའོ་ཁེ་ལས་ཁང་གིས་ཡུ་ཀེ་རེན་གྱི་ཞིང་ལས་ཐོན་སྐྱེད་དང་གྲུ་བཟོའི་ལས་རིགས་འཕེལ་རྒྱས་ལ་ཞབས་འདེགས་རླབས་ཆེན་འགྲུབ་ཡོད་པས། ཁོང་འདས་གྲོངས་སུ་ཕྱིན་པ་དེས་ཡུ་ཀེ་རེན་གྱི་འབྲུ་རིགས་ཕྱིར་འདྲེན་བྱེད་རྒྱུའི་ཐད་ལ་གྱོང་གུད་ཆེན་པོ་བྱུང་ཡོད་སྐོར་བརྗོད་ཡོད་འདུག
ཡུ་ཀེ་རེན་གྱི་སྲིད་འཛིན་ཝོ་ལོ་ཌི་མིར་ཛེ་ལེན་སེ་ཀེ་(Volodymyr Zelensky) ཡིས་སྐུ་ཞབས་ཨོ་ལེ་སའེ་འདས་གྲོངས་སུ་ཕྱིན་པ་ནི་ “ཡུ་ཀེ་རེན་ཧྲིལ་པོའི་གྱོང་གུད་ཧ་ཅང་ཆེན་པོ་རེད” ཅེས་བརྗོད་ཡོད་པ་མ་ཟད། ཁོང་གིས་མུ་མཐུད་གསུངས་དོན་ལ། སྐུ་ཞབས་ཝ་དྷ་ཐར་སེ་ཀེ་ཡིས་ཡུ་ཀེ་རེན་ནང་དུ་དེང་རབས་ཅན་གྱི་འབྲུ་རིགས་ཁྲོམ་ར་ཞིག་གསར་འཛུགས་གནང་རྒྱུའི་འཆར་གཞིའི་ནང་བརྒྱུད་འདྲེན་གྲུ་ཁའི་ས་ཚིག་དང་འབྲུ་མཛོད་ཁང་བཅས་ཚུད་ཡོད་སྐོར་དང་། ཐེངས་འདིའི་དོན་རྐྱེན་དེ་ནི་ཨུ་རུ་སུའི་དམག་གིས་རྐང་བཙུགས་ནས་སྐུ་ཞབས་ཝ་དྷ་ཐར་སེ་ཀེ་ཡིས་ཁྱིམ་དུ་དམིགས་འབེན་བཟུང་ནས་མེ་ཤུགས་འཕུར་མདའ་འཕངས་ཡོད་པའི་དོགས་གཞི་ཡོད་པའི་སྐོར་བརྗོད་ཡོད་འདུག
དེ་ཡང་རེས་གཟའ་ཉི་མའི་ཉིན་སྲིད་འཛིན་ཝོ་ལོ་ཌི་མིར་ཛེ་ལེན་སེ་ཀེ་ཡིས་ཨུ་རུ་སུའི་དམག་གིས་ཡུ་ཀེ་རེན་ནང་དུ་མུ་མཐུད་གཏོར་རྒོལ་བྱེད་བཞིན་པར་བརྟེན། ལོ་འདིའི་ཡུ་ཀེ་རེན་གྱི་སྟོན་ཐོག་ཕྱེད་ཀ་ཙམ་ལས་བསྡུ་ལེན་ཐུབ་ཀྱི་མེད་པའི་སྐོར་བརྗོད་ཡོད་འདུག
ཟླ་འདིའི་ཚེས་ ༢༢ ཉིན་ཏུར་ཀིའི་རྒྱལ་ས་ཨི་སི་ཀྲིན་བྷལ་ (Istanbul) དུ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཀྲོ་ནེའོ་(Antonio Guterres) དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན་གཉིས་ཀྱི་གཙོ་སྐྱོང་འོག་ཨུ་རུ་སུ་དང་ཡུ་ཀེ་རེན་བར་གྱི་སྐུ་ཚབ་ནས་འབྲུ་རིགས་ཕྱིར་འདྲེན་བྱེད་རྒྱུའི་ཐད་གྲོས་མཐུན་མིང་རྟགས་བཀོད་འཆར་བྱས་པའི་རྗེས་ཀྱི་ཉིན་དེར་ཨུ་རུ་སུའི་དམག་གིས་ཡུ་ཀེ་རེན་གྱི་ཨའོ་དྷི་སར་གྲུ་ཁར་གཏོར་རྒོལ་བཏང་ཡོད་འདུག
སྐུ་ཞབས་ཝ་དྷ་ཐར་སེ་ཀེ་ནི་ཕྱི་ལོ་ ༡༩༤༧ ཟླ་ ༩ ཚེས་ ༨ ཉིན་ཡུ་ཀེ་རེན་ནང་དུ་སྐུ་འཁྲུངས་ཡོད་པ་དང་། ཁོང་ནི་ཡུ་ཀེ་རེན་གྱི་མ་ཀའོ་ལེབ་གྲོང་ཁྱེར་རུ་རྟེན་གཞི་བྱེད་པའི་ནེ་བུ་ལའོ་ (Nibulon) ཞིང་ལས་ཁེ་ལས་ཁང་གི་བདག་པོ་ཡིན་མ་ཟད། ཕྱི་ལོ་ ༢༠༢༠ ལོ་ཟླ་ ༦ པའི་ནང་ཨ་རི་ནང་རྟེན་གཞི་བྱེད་པའི་ཚོང་འབྲེལ་དུས་དེབ་ཧྥུའུ་བྷེ་སེ་(Forbes)ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁོང་ནི་ཡུ་ཀེ་རེན་ནང་ཨ་སྒོར་ས་ཡ་ ༦༡༥ ཡོད་པའི་འབྱོར་ལྡན་པ་ཨང་ ༢༤ པར་སླེབས་ཡོད་སྐོར་དང་། ཁོང་ལ་ཕྱི་ལོ་ ༢༠༠༧ ལོར་ཡུ་ཀེ་རེན་གྱི་ཆེས་མཐོའི་གཟེངས་རྟགས་ “ཡུ་ཀེ་རེན་གྱི་དཔའ་བོ་”ཞེས་པ་དེ་ཕུལ་ཡོད་འདུག །
གསར་འགོད་པ། ཆོས་གྲགས།