ཡུ་རོབ་ཁུལ་དུ་ཏོག་ནད་ཀྱི་གནས་སྟངས་ཛ་དྲག་ཆགས་བཞིན་འདུག
ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ནང་ཏོག་དབྱིབས་ནད་རླབས་གསར་པ་སླེབས་བཞིན་འདུག་པས། བཀག་རྒྱ་གསར་པ་ཁག་ཅིག་ལག་བསྟར་བྱེད་བཞིན་འདུག
ཟླ་༡༡ པའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༧ ཉིན་འཇར་མན་ནང་ཉིན་གཅིག་གི་ཏོག་དབྱིབས་ནད་པའི་གྲངས་ཐོ་གསར་པ་ནི་༥༢༨༢༦ ཡིན་འདུག་པས། རྒྱལ་ཁབ་དེའི་སྲིད་བློན་ལྕམ་མེར་ཁེལ་གྱིས་འཇར་མན་ནང་ཏོག་དབྱིབས་ཀྱི་ནད་རླབས་བཞི་པ་དེ་སླེབས་ཡོད་པ་དང་། སྨན་ཁང་ཁག་གི་ནང་དུ་ནད་པ་མང་དུ་འགྲོ་བཞིན་པའི་ཛ་དྲག་གནས་སྟངས་ཆགས་ཡོད་སྐོར་བརྗོད་འདུག
བྷེལ་ཇེམ་གྱི་སྲིད་བློན་ཌེ་ཁུར་གྱིས་ཡུ་རོབ་ཀྱི་རྒྱལ་ཁབ་ཚང་མ་ཉེན་ཁ་ཆེན་པོ་ཆགས་བཞིན་ཡོད་པས། བྷེལ་ཇེམ་ཡང་ཉེན་ཁའི་གནས་སུ་སླེབས་ཡོད་སྐོར་བརྗོད་འདུག བྷེལ་ཇེམ་ནང་དུ་འགྲོ་སྐྱོད་ཀྱི་བཀག་རྒྱ་གཏོང་མི་དགོས་བ་ཆགས་པའི་ཆེད་དུ་ཐབས་ལམ་ཁག་ཅིག་གསལ་བསྒྲགས་བྱས་འདུག དེ་ཡང་བྱིས་པ་ལོ་བཅུ་ཡན་རྣམས་ཁ་རས་གྱོན་དགོས་པ་དང་། བདུན་ཕྲག་གཅིག་ནང་ཉིན་བཞིའི་རིང་ཁྱིམ་ནས་ལས་ཀ་བྱེད་དགོས་པ། གློག་བརྙན་ཁང་དང་ཟློས་གར་ཁང་། འགྲེམ་སྟོན་ཁང་སོགས་སུ་ཏོག་དབྱིབས་ནས་བདེ་འཇགས་ཡིན་པའི་ལག་ཁྱེར་སྟོན་དགོས་པ། ཕྱི་ལོ་༢༠༢༢ ལོའི་ཟླ་༤ པའི་མཇུག་ཏུ་མི་མང་ཚང་མར་སྔོན་འགོག་གི་ནུས་པ་ཤུགས་ཆེ་རུ་གཏོང་ཆེད་དུ་སྨན་ཁབ་ཐེངས་གསུམ་པ་རྒྱག་རྒྱུ་བཅས་ཐག་གཅོད་བྱས་འདུག
དེ་བཞིན་ཨོ་སི་ཀྲོ་རི་ཡ་ནས་ཏོག་དབྱིབས་ནད་དུག་གི་སྔོན་འགོག་སྨན་ཁབ་བརྒྱབ་མེད་མཁན་མི་མང་ས་ཡ་གཉིས་ལ་བཀག་རྒྱ་བཏང་ཡོད་པ་དང་། གཞུང་གི་དཔོན་རིགས་ཁག་ཅིག་གིས་སྔོན་འགོག་སྨན་ཁབ་བརྒྱབ་མཁན་ཚོ་ལ་ཡང་མཚན་མོར་ཕྱི་ལ་ཐོན་མི་ཆོག་པ་སོགས་ཀྱི་བཀག་རྒྱ་རིགས་གཏོང་བའི་དགོས་འདུན་བཏོན་འདུག
སཱེ་ཝི་ཌན་གྱིས་ཟླ་༡༢ པའི་ཚེས་༡ ཉིན་ནས་ཐེངས་དང་པོར་མི་བརྒྱ་ལས་མང་བ་ཡོད་པའི་ཁང་པའི་ནང་གི་འདུ་འཛོམས་ཁག་ཏུ། སྔོན་འགོག་སྨན་ཁབ་བརྒྱབ་ཡོད་པའི་ལག་ཁྱེར་སྟོན་དགོས་པའི་ཁྲིམས་བཟོས་འདུག
ཧྥ་རན་སིར་ཏོག་དབྱིབས་ནད་རླབས་ལྔ་པ་སླེབས་ཡོད་འདུག་པ་དང་། ཚེས་༡༧ ཉིན་ཏོག་ནད་གསར་པའི་ཁ་གྲངས་༢༠༠༠༠ ཐོན་འདུག་པས། དེ་ནི་ཟླ་༨ པའི་རྗེས་ལ་ཐེངས་དང་པོར་ཁ་གྲངས་མཐོན་པོ་དེ་འདྲ་སླེབས་པ་ཡིན་འདུག
ཉེ་ཆར་ཡུ་རོབ་ཁུལ་གྱི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་ཧཱན་སེ་ཀེ་ལུག་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ། ད་ལྟའི་ཆར་ཡུ་རོབ་དེ་བསྐྱར་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ལྟེ་གནས་ཆགས་ཡོད་པ་དང་། གལ་ཏེ་ད་ལྟ་ནས་སྔོན་འགོག་གི་ལས་དོན་ཚགས་ཚུད་མ་སྤེལ་ཚེ། ཕྱི་ལོ་༢༠༢༢ ལོའི་ཟླ་༢ པ་ཟིན་སྐབས་སུ་ཡུ་རོབ་དང་ཨེ་ཤི་ཡའི་དབུས་རྒྱལ་ཁབ་ཁག་ནས་མི་མང་ས་ཡ་ཕྱེད་ཀ་ལྷག་གི་ཚེ་སྲོག་ཤོར་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་སྐོར་བརྗོད་འདུག ཁོང་གིས་ཡུ་རོབ་ཁུལ་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་ཚབས་ཆེ་རུ་སོང་བའི་རྒྱུ་མཚན་ནི་སྔོན་འགོག་གི་ལས་དོན་ལྷོད་དུ་བཏང་ཡོད་ཁར། སྔོན་འགོག་སྨན་ཁབ་རྒྱག་མཁན་ཉུང་དུ་ཕྱིན་ཡོད་རྐྱེན་ཡིན་སྐོར་བརྗོད་འདུག
དེ་བཞིན་ཟླ་༡༠ པའི་ཟླ་མཇུག་ཏུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས། ཤར་ཡུ་རོབ་ཁུལ་གྱི་མི་འབོར་དེ་འཛམ་གླིང་གི་མི་འབོར་ནང་ནས་བརྒྱ་ཆ་༤ མ་གཏོགས་ལོན་གྱི་མེད་ཀྱང་། ད་ལྟའི་ཆར་འཛམ་གླིང་ནང་ཏོག་དབྱིབས་ནད་དུག་གསར་པ་ཐོན་པའི་གྲངས་འབོར་ནས་བརྒྱ་ཆ་༢༠ ལྷག་ཁུལ་དེ་ནས་ཡིན་འདུག དེ་བཞིན་འཛམ་གླིང་ནང་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་ཚེ་སྲོག་མང་ཤོས་ཤོར་མཁན་གྱི་རྒྱལ་ཁབ་༥ ནས་གསུམ་ནི་ཁུལ་དེའི་རྒྱལ་ཁབ་ཨུ་རུ་སུ་དང་། ཡུག་ཀེ་རན། རཱོ་མི་ནིཡ་བཅས་ཡིན་པས་སྔོན་འགོག་གཟབ་ནན་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་པ་རེད། སྤྱིར་བཏང་རྒྱལ་ཁབ་མང་པོ་ཞིག་ནང་ཏོག་དབྱིབས་ནད་དུག་གི་གནས་སྟངས་བཟང་དུ་འགྲོ་བཞིན་པའི་རྣམ་པ་ཡོད་ཀྱང་། ཡུ་རོབ་ཁུལ་དུ་ཛ་དྲག་ཆགས་བཞིན་ཡོད་པས། མ་འོངས་པར་རྒྱལ་ཁབ་གཞན་ལ་ཡང་གནས་སྟངས་གང་འདྲ་ཆགས་མིན་བརྗོད་ཐབས་དཀའ་བ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།