ཡུ་རོབ་གྲོས་ཚོགས་ཀྱིས་ཐའེ་ཝན་ལ་ལོ་རྒྱུས་ཁྲོད་ཀྱི་སྐུ་ཚབ་ཆེས་ཐོག་མ་དེ་བཏང་འདུག
འཛམ་གླིང་གི་མིག་ལམ་དུ་རྒྱ་ནག་གི་རང་བཞིན་ཇེ་གསལ་དུ་གྱུར་ནས་རྒྱ་ནག་དང་མང་གཙོའི་འཛམ་གླིང་གཉིས་ཀྱི་བར་དུ་འགལ་ཟླ་ཇེ་མང་དང་ཇེ་དྲག་ཏུ་འགྱུར་བཞིན་པའི་སྐབས་འདིར། ཡུ་རོབ་གྲོས་ཚོགས་ནས་ཐའེ་ཝན་ལ་ལོ་རྒྱུས་ཁྲོད་ཀྱི་སྐུ་ཚབ་ཆེས་ཐོག་མ་དེ་བཏང་འབྱོར་བྱུང་ཡོད་འདུག
འཛམ་གླིང་གི་མིག་ལམ་དུ་རྒྱ་ནག་གི་རང་བཞིན་ཇེ་གསལ་དུ་གྱུར་ནས་རྒྱ་ནག་དང་མང་གཙོའི་འཛམ་གླིང་གཉིས་ཀྱི་བར་དུ་འགལ་ཟླ་ཇེ་མང་དང་ཇེ་དྲག་ཏུ་འགྱུར་བཞིན་པའི་སྐབས་འདིར། ཡུ་རོབ་གྲོས་ཚོགས་ནས་ཐའེ་ཝན་ལ་ལོ་རྒྱུས་ཁྲོད་ཀྱི་སྐུ་ཚབ་ཆེས་ཐོག་མ་དེ་བཏང་འབྱོར་བྱུང་ཡོད་འདུག
ཟླ་འདིའི་ཚེས་༣ ཉིན་ཐའེ་ཝན་གསར་འགྱུར་ཁང་(Taiwan News) ནས་སྤེལ་བའི་གནས་ཚུལ་ལྟར་ན། ལོ་རྒྱུས་ཁྲོད་དུ་ཡུ་རོབ་གྲོས་ཚོགས་ནས་ཐའེ་ཝན་ལ་བཏང་བའི་སྐུ་ཚབ་ཐོག་མ་དེ་དེ་རིང་དངོས་སུ་ཐའེ་ཝན་ལ་འབྱོར་ཡོད་འདུག་ཅིང་། ལོ་རྒྱུས་རང་བཞིན་ཅན་གྱི་སྐུ་ཚབ་དེའི་ཁྲོད་དུ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་༧ དང་། ཕྱག་རོགས་༦ བཅས་ཁྱོན་སྡོམ་མི་སྣ་༡༣ ཡོད་འདུག
ཡུ་རོབ་གྲོས་ཚོགས་ཀྱི་གཞུང་འབྲེལ་བསྒྲགས་གཏམ་ནང་། གྲོས་ཚོགས་འཐུས་མི་༧ ལས་གྲུབ་པའི་སྐུ་ཚབ་དེས་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིན་ཝན་(Tsai Ing-wen) དང་། ཐའེ་ཝན་གྱི་གྲོས་ཚོགས་ཚོགས་གཙོ། ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ལ་སོགས་པའི་གནད་ཡོད་མི་སྣ་དག་དང་མཇལ་འཕྲད་ཞུས་ཏེ། “ཐའེ་ཝན་གྱིས་ཇི་ལྟར་དྲ་བའི་བདེ་འཇགས་སྲུང་སྐྱོབ་དང་། རྫུན་གཏམ་འགོག་སྲུང་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ཐའེ་ཝན་གྱི་མང་གཙོ་དང་། ཤེས་ཡོན་སློབ་གསོ། གསར་འགྱུར་བརྒྱུད་ལམ་བཅས་ལ་འཕོག་བཞིན་པའི་ཕྱིའི་ཐེ་བྱུས་ལ་གདོང་ལེན་དང་ཁ་གཏད་ཇི་ལྟར་གཅོག་གི་ཡོད་པ་”ལ་སོགས་པའི་གནད་དོན་རྣམས་ཀྱི་སྐོར་ལ་གྲོས་མོལ་དང་སློབ་སྦྱོང་བྱེད་རྒྱུ་ཡིན་སྐོར་བཤད་འདུག
ཐའེ་ཝན་ཕྱི་སྲིད་ལས་ཁུངས་ནས་ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཕེབས་པར་སེམས་གཏིང་ནས་དགའ་བསུ་ཞུས་པ་མ་ཟད། ཡུ་རོབ་གྲོས་ཚོགས་ཀྱི་གཞུང་འབྲེལ་སྐུ་ཚབ་ཅིག་ཐའེ་ཝན་ལ་ཕེབས་པ་དེ་ད་ཐེངས་ཆེས་ཐོག་མ་ཆགས་ཡོད་པ་དང་། དེ་ཡང་ད་ལོའི་ཕྱི་ཟླ་༡༠ པའི་ནང་དུ་ཡུ་རོབ་གྲོས་ཚོགས་ཀྱིས་ཐའེ་ཡུའི་(ཐའེ་ཝན་དང་ཡུ་རོབ་ཀྱི་) ཆབ་སྲིད་ཀྱི་འབྲེལ་བ་དང་མཉམ་ལས་ཤུགས་ཆེ་རུ་གཏོང་དགོས་པའི་ལམ་སྟོན་ཁག་ལག་བསྟར་བྱས་པ་ཞིག་ཡིན་པའི་འགྲེལ་བརྗོད་ཀྱང་བྱས་ཡོད་འདུག
ད་ལྟ་རྒྱ་ནག་དང་མང་གཙོའི་འཛམ་གླིང་གཉིས་ཀྱི་འགལ་ཟླ་དེ་ཉིན་བཞིན་ཇེ་གསལ་དང་ཇེ་དྲག་ཏུ་འགྱུར་བཞིན་ཡོད་པས། ཨ་རིས་གཙོས་པའི་མང་གཙོའི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་ངོ་རྒོལ་ལ་མ་ལྟོས་པར་ཐའེ་ཝན་དང་ལྷན་དུ་འབྲེལ་ལམ་ཟབ་ཏུ་བཏང་ནས་ཐའེ་ཝན་མཐའ་གཅིག་ཏུ་“ཕྱིའི་དྲག་པོའི་བཙན་འཛུལ་”ལས་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་རྣམ་འགྱུར་ཤུགས་ཆེན་སྟོན་གྱི་ཡོད་པ་རེད།
ཟླ་གོང་མའི་ཟླ་སྨད་དུ་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དྲག་རྒོལ་བྱས་པ་ཡིན་ན། ཨ་རིས་ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་ཁ་གསལ་དུ་བསྒྲགས་རྗེས། ཨོ་སི་ཁྲུ་ལི་ཡའི་རྒྱལ་སྲུང་བློན་ཆེན་ཕི་ཊར-ཌུ་ཋོན་(Peter Dutton)གྱིས་ཀྱང་གལ་སྲིད་གནས་ཚུལ་དེ་བྱུང་བ་ཡིན་ན། ཨོ་སི་ཁྲུ་ལི་ཡ་ཡང་ཨ་རིའི་རྒྱབ་ཏུ་ལང་རྒྱུ་ཡིན་ཞེས་བརྗོད་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།