ཡུ་རོབ་བོད་དོན་ཐབས་བྱུས་ཚོགས་འདུ་ཞིག་སྐོང་ཚོགས་བྱས་འདུག

ཟླ་འདིའི་ཚེས་༢༨ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་གྱི་རྒྱལ་ས་པ་རག་ (Prague) ཏུ་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་གཉིས་ཀྱི་གོ་སྒྲིག་འོག་ཉིན་གཅིག་རིང་ཡུ་རོབ་བོད་དོན་ཐབས་བྱུས་ཚོགས་འདུ་ཞིག་སྐོང་འཚོགས་གནང་འདུག

ཡུ་རོབ་བོད་དོན་ཐབས་བྱུས་ཚོགས་འདུའི་ཁྲོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། སྦེལ་ཇེམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད། གཏན་འཇགས་ཐབས་བྱུས་འཆར་བཀོད་ཚོགས་ཆུང་གི་ཚོགས་མི་བཀྲ་ཤིས་་རྒྱ་མཚོ། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས། བཀའ་དྲུང་ཡིག་ཚང་གི་དྲུང་འཕར་བློ་བཟང་ཆོས་གྲགས། དེ་བཞིན་དྲ་ཐོག་ནས་མཉམ་ཞུགས་གནང་མཁན་དབྱིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཧྥར་སི། ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་དང་། བསྟན་འཛིན་ལེགས་བཤད། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་བཅས་ཕེབས་ཡོད་པ་མ་ཟད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་བྷུར་སེག་ (Martin Bursik) དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་རྟེན་གཞི་བྱས་པའི་བསམ་མཛོད་བསྟི་གནས་ཁང་གི་འགན་འཛིན་པ་མར་ཌིན་(Martin Hala) ། ༢༠༠༠ ཞི་བདེའི་གླེང་སྟེགས་ཀྱི་ངེས་སྟོན་པ་ཇཱ་ཀུབ་(Jakup Klepal) ། ཨི་ཊ་ལི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་གུར་ཐར་ (Gunther Cologna)། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་བསྟན་འཛིན་དབང་པོ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སེན་ཌི་(Vincent Metten) བཅས་ཀྱིས་ཡུ་རོབ་བོད་དོན་ཐབས་བྱུས་སྐོར་གསུང་བཤད་གནང་ཡོད་འདུག

ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི། ཡུ་རོབ་ཀྱི་གནས་བབ་ཆབ་སྲིད་ཀྱི་ཆགས་སྟངས་སྐོར་ལ་ཤེས་རྟོགས་བྱས་ནས་ཕྱོགས་གཉིས་དང་སྡིངས་ཆ་དུ་མའི་ཐོག་བོད་ཀྱི་གནད་དོན་ཐད་ཡུ་རོབ་མཐུན་ཚོགས་སུ་གྲོས་བསྡུར་བྱ་རྒྱུ་དང་འབྲེལ་ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་བོད་དོན་སླད་གོ་སྐབས་དང་གདོང་ལེན་བྱེད་ཕྱོགས་སོགས་ལ་དམིགས་ཏེ་ཚོགས་འདུ་འཚོགས་པ་ཞིག་ཡིན་འདུག

གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་གྱི་རྒྱལ་ས་པ་རག་ཏུ་བདུན་ཕྲག་གཅིག་རིང་གཞུང་འབྲེལ་ཕྱོགས་བསྐྱོད་དང་བསྟུན་ནས་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་མི་རྣམས་ལ་མཇལ་འཕྲད་གནང་རྒྱུ་ཡིན་པ་མ་ཟད། ཟླ་འདིའི་ཕྱི་ཚེས་༣༡ ནས་ཉིན་གྲངས་༣ གྱི་རིང་ལ་འཚོག་གཏན་འཁེལ་བའི་ ༢༠༠༠ ཞི་བདེའི་གླེང་སྟེངས་སྐབས་༢༦ པའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག

གསར་འགོད་པ། ཆོས་གྲགས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།