ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་ ༤ པ་འཚོགས།
ཟླ་འདིའི་ཕྱི་ཚེས་༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་གནས་ཚུལ་ལྟར་ན། ཕྱི་ཟླ་༨ ཚེས་ ༣༡ ནས་ཕྱི་ཟླ་༩ ཚེས་ ༡ བར་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་ ༤ པ་དེ་སུད་སི་དོན་གཅོད་ཁང་དང་ནི་དར་ལེནྜ་བོད་རིགས་ཚོགས་པ་ནས་གོ་སྒྲིག་ཞུས་པ་ལྟར། ནི་དར་ལེནྜ་རྒྱལ་ས་ཨམ་སར་ཊམ་གྱི་གསོལ་མགྲོན་ཁང་ཞིག་ཏུ་འཚོགས་འདུག་པ་དང་། སྐབས་དེར་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་ཐུབ་བསྟན་རྒྱ་མཚོ། སུད་སི་སྐུ་ཚབ་དོན་གཅོད། ཨིན་ཡུལ་སྐུ་ཚབ་དོན་གཅོད། སྦེལ་ཇམ་སྐུ་ཚབ་དོན་གཅོད། ཕ་རན་སཱིའི་འབྲེལ་མཐུད་པ། དེ་བཞིན་སུད་སི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། ནི་དར་ལེནྜ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས། ཇར་མ་ནི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། ཕ་རན་སཱི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། ཨོསྟྲི་ཡཱ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། ཨིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ། ཇེ་ཁི་བོད་རིགས་ཚོགས་པའི་ཚོགས་གཞོན་བཅས་ཚོགས་ཞུགས་གནང་ཡོད་འདུག ཐེངས་འདིའི་ཚོགས་འདུའི་ནང་ལོ་རྗེས་མར་ཡུ་རོབ་ཁུལ་དུ་༸གོང་ས་མཆོག་གི་གོ་སྟོན་གོ་སྒྲིག་ཞུ་ཕྱོགས་སྐོར་དང་། ཡུ་རོབ་བོད་རིགས་ཚོགས་པ་ཁག་ཕན་ཚུན་འབྲེལ་བ་དམ་ཟབ་གཏོང་ཕྱོགས་དང་། ༸རྒྱལ་བའི་བཀའ་དགོངས་འགལ་མེད་དུ་བསྒྲུབ་རྒྱུ། སྒོས་སུ་རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་བཀོད་ཁྱབ་གང་ཕེབས་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ། ཡུ་རོབ་བོད་རིགས་ཐུན་མོང་ནས་གཞི་རྒྱ་ཆེ་བའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ནི་དར་ལེནྜ་རུ་སྤེལ་ཕྱོགས་སོགས་ཀྱི་སྐོར་གྲོས་མོལ་གནང་རྗེས། མཐར་གྲོས་ཆོད་དོན་ཚན་ལྔ་སྤྱི་མོས་ཐོག་གཏན་འབེབས་གནང་བ་མ་ཟད། ཕྱི་ལོ་ ༢༠༢༤ ཡུ་རོབ་བོད་རིགས་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པའི་ཨམ་སར་ཊམ་བསྒྲཌ་གཏམ་ཟེར་བ་ཞིག་ཀྱང་སྤེལ་ཡོད་འདུག ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ཚོགས་ཆེན་ཐེངས་ ༥ ཇར་མ་ནེའི་གྲོང་ཁྱེར་བྷར་ལིན་དུ་འཚོག་གཏན་འཁེལ་ཡོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།