ཡུ་རོབ་མཉམ་འབྲེལ་ནང་སྐྱབས་བཅོལ་བ་ལེན་ཕྱོགས་ལ་གྲོས་ཁ་མ་འཆམ་པ།
ཡུ་རོབ་ནང་དུ་ཉིན་རེ་བཞིན་སྐྱབས་བཅོལ་བ་མང་དུ་འགྲོ་བཞིན་ཁར། ཡུ་རོབ་མཉམ་འབྲེལ་གྱི་ནང་དུ་ཡོད་པའི་རྒྱལ་ཁབ་རེ་རེའི་སྐྱབས་བཅོལ་བ་ལེན་དགོས་པའི་ཚད་གཞི་ཞིག་བཟོས་ཡོད་པའི་ཐད། མི་མཐུན་པའི་རྩོད་གཞི་བྱུང་སྟེ་ཤོག་ཁག་གཉིས་ཆགས་ཡོད་འདུག
ཡུ་རོབ་ནང་དུ་ཉིན་རེ་བཞིན་སྐྱབས་བཅོལ་བ་མང་དུ་འགྲོ་བཞིན་ཁར། ཡུ་རོབ་མཉམ་འབྲེལ་གྱི་ནང་དུ་ཡོད་པའི་རྒྱལ་ཁབ་རེ་རེའི་སྐྱབས་བཅོལ་བ་ལེན་དགོས་པའི་ཚད་གཞི་ཞིག་བཟོས་ཡོད་པའི་ཐད། མི་མཐུན་པའི་རྩོད་གཞི་བྱུང་སྟེ་ཤོག་ཁག་གཉིས་ཆགས་ཡོད་འདུག
ཡུ་རོབ་མཉམ་འབྲེལ་གྱིས་ལོ་རེར་སྐྱབས་བཅོལ་ཞུ་མཁན་འབུམ་གཅིག་དང་སྟོང་ཕྲག་ཉི་ཤུ་(༡,༢༠,༠༠༠ ) ལེན་རྒྱུ་དང་། དེ་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་༢༨ བར་ལ་བགོ་བཤའ་བརྒྱབ་ནས་ལེན་དགོས་པའི་གྲོས་འཆར་བཏོན་ཡོད་ཀྱང། ཡུ་རོབ་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཅེག་སྤྱི་མཐུན་རྒྱལ་ཁབ་དང་ཧང་གྷ་རི། པོ་ལན་ཌེ་དང་སི་ལོ་ཝ་ཁི་ཡ་བཅས་ཀྱིས་མོས་མཐུན་བྱས་མེད་པ་རེད་འདུག
ཡུ་རོབ་ཀྱི་སྟོབས་ཆེན་རྒྱལ་ཁབ་འཇར་མན་གྱིས་ལོ་འདིའི་ནང། སྐྱབས་བཅོལ་བ་འབུམ་བཞི་དང་སྟོང་ཕྲག་ལྔ་ཅུ་(༤,༥༠,༠༠༠ ) བླངས་ཟིན་པ་དང། ཡུ་རོབ་མཉམ་འབྲེལ་གྱི་གྲོས་འཆར་ལ་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེ་ཤོས་ཡིན་འདུག
ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་བཀོད་གསལ་ལྟར་ན། ཡུ་རོབ་ཀྱི་སྐྱབས་བཅོལ་བའི་དཀའ་ངལ་ལ་བརྟེན་ནས། ཨ་རིའི་གཞུང་གིས་ལོ་རྗེས་མ་བར་སི་རི་ཡའི་སྐྱབས་བཅོལ་བ་༡༠,༠༠༠ ལེན་རྒྱུ་ཁས་བླངས་འདུག ཨ་རི་རྒྱལ་ཁབ་ཀྱིས་དེ་སྔོན་ཕྱི་ལོ་༡༩༩༧ ལོར་ཝེ་ཏི་ནམ་མི་རིགས་གཅིག་འབུམ་གཅིག་ཁྲི་གཅིག་སྟོང་(༡,༡༡,༠༠༠ )དང། ཕྱི་ལོ་༡༩༨༠ ལོར་ཝེ་ཏི་ནམ་མི་རིགས་གཉིས་འབུམ་ཁྲི་མེད་བདུན་སྟོང་(༢,༠༧,༠༠༠ )དང། ཁྱིའུ་བྷ་མི་རིགས་འབུམ་གཅིག་དང་ཁྲི་གཉིས་(༡,༢༠,༠༠༠) སོགས་སྐྱབས་བཅོལ་བ་བླངས་ཏེ། སྐྱབས་བཅོལ་གྲངས་མང་ཤོས་ལེན་མཁན་གྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཡོད་ཀྱང། ཕྱི་ལོ་༢༠༠༡ ཟླ་༩ པའི་ཚེས་༡༡ ཉིན་འཇིག་སྐུལ་རིང་ལུགས་པས་ཨ་རིའི་རྒྱལ་ས་ལ་དྲག་རྒོལ་བྱས་པ་ནས་བཟུང། སྐྱབས་བཅོལ་བ་བླངས་བའི་གྲངས་ཀ་བསྟུད་མར་ཉུང་དུ་ཕྱིན་ཡོད་འདུག ད་རེས་ཀྱི་ཐག་གཅོད་དེ་ལ་ཁ་གཏད་ཚོགས་པའི་ཚོགས་མི་ཁ་ཤས་ཀྱིས། ཨོ་བྷ་མའི་གཞུང་གི་བྱེད་སྟངས་དེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པ་དང། སི་རི་ཡའི་ནང་དུ་ཁ་ཆེ་དྲག་སྤྱོད་རིང་ལུགས་པ་ཁེངས་བསྡད་ཡོད་པས། སྐྱབས་བཅོལ་བ་དེ་ཚོའི་ཁྲོད་དྲག་སྤྱོད་པ་ཡང་སླེབས་སྲིད་སྐོར་བརྗོད་བཞིན་ཡོད་འདུག
ཡུ་རོབ་ལ་སྐྱབས་བཅོལ་བ་ཡོང་མཁན་མང་ཤོས་ནི་སི་རི་ཡའི་མི་ཡིན་པ་དང། སི་རི་ཡའི་ནང་འཁྲུག་དེ་ནི་ཕྱི་ལོ་༢༠༡༡ ནས་འགོ་ཚུགས་ཡོད་པ་དང། གཞུང་འཛིན་ཤོག་ཁག་དང་ངོ་རྒོལ་བ་ཁ་ཆེ་དྲག་སྤྱོད་རིང་ལུགས་ཀྱི་ཤོག་ཁག་གཉིས་བར་དམག་འཁྲུག་ཆད་མེད་བྱུང་ནས། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡའི་མི་མང་ས་ཡ་༤ ཙམ་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་ཕྱིན་ཡོད་པ་དང། ཕྱི་ལོ་༢༠༡༥ ཟླ་༡ པོ་བར་དུ་མི་གྲངས་༢,༢༠,༠༠༠ གཉིས་འབུམ་གཉིས་ཁྲི་ལས་མང་བ་ཤི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག །
སྐལ་བཟང་དོན་གྲུབ།