ཡུ་རོབ་མཐུན་ཚོགས་ཀྱིས་དབྱིན་ཡུལ་ཕྱིར་འཐེན་དུས་འགྱངས་ལ་མོས་མཐུན་བྱས་འདུག
དབྱིན་ཡུལ་གྲོས་ཚོགས་ནས་རྒྱལ་ཁབ་དེའི་སྲིད་བློན་གྱིས་ཡུ་རོབ་མཐུན་ཚོགས་དང་གྲོས་མོལ་བྱས་ཏེ་མོས་མཐུན་བྱུང་བའི་ཕྱིར་འཐེན་གྱི་གྲོས་མཐུན་ལ་ཐེངས་གཉིས་རྒྱབ་སྐྱོར་མ་བྱས་པར་བརྟེན། ཕྱིར་འཐེན་གྱི་དུས་བཀག་སླེབས་ལ་ཉེ་བ་དང་བསྟུན། དབྱིན་ཡུལ་གྱི་དཔལ་འབྱོར་དང་ལས་དོན་གཞན་ལ་ངེས་མེད་ཀྱི་དཀའ་ངལ་མི་འཕྲད་པའི་ཆེད་དུ། གྲོས་མཐུན་མེད་པར་ཕྱིར་འཐེན་མི་ཡོང་བར་འབད་དགོས་པ་ལྟར། ཕྱིར་འཐེན་དུས་འགྱངས་ཡོང་ཐབས་བྱེད་དགོས་པར་རྒྱབ་སྐྱོར་བྱས་པར་བརྟེན། སྲིད་བློན་ལྕམ་མཱེ་དང་ཡུ་རོབ་མཐུན་ཚོགས་བར་གྲོས་མོལ་རྒྱུན་རིང་བྱས་པའི་མཐའ་མར། ཡུ་རོབ་མཐུན་ཚོགས་ནས་དུས་འགྱངས་བྱེད་རྒྱུར་མོས་མཐུན་བྱས་འདུག
དབྱིན་ཡུལ་གྲོས་ཚོགས་ནས་རྒྱལ་ཁབ་དེའི་སྲིད་བློན་གྱིས་ཡུ་རོབ་མཐུན་ཚོགས་དང་གྲོས་མོལ་བྱས་ཏེ་མོས་མཐུན་བྱུང་བའི་ཕྱིར་འཐེན་གྱི་གྲོས་མཐུན་ལ་ཐེངས་གཉིས་རྒྱབ་སྐྱོར་མ་བྱས་པར་བརྟེན། ཕྱིར་འཐེན་གྱི་དུས་བཀག་སླེབས་ལ་ཉེ་བ་དང་བསྟུན། དབྱིན་ཡུལ་གྱི་དཔལ་འབྱོར་དང་ལས་དོན་གཞན་ལ་ངེས་མེད་ཀྱི་དཀའ་ངལ་མི་འཕྲད་པའི་ཆེད་དུ། གྲོས་མཐུན་མེད་པར་ཕྱིར་འཐེན་མི་ཡོང་བར་འབད་དགོས་པ་ལྟར། ཕྱིར་འཐེན་དུས་འགྱངས་ཡོང་ཐབས་བྱེད་དགོས་པར་རྒྱབ་སྐྱོར་བྱས་པར་བརྟེན། སྲིད་བློན་ལྕམ་མཱེ་དང་ཡུ་རོབ་མཐུན་ཚོགས་བར་གྲོས་མོལ་རྒྱུན་རིང་བྱས་པའི་མཐའ་མར། ཡུ་རོབ་མཐུན་ཚོགས་ནས་དུས་འགྱངས་བྱེད་རྒྱུར་མོས་མཐུན་བྱས་འདུག
ཟླ་༣ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་དུས་བཀག་ཚེས་གྲངས་དེ་ཟླ་༣ པའི་ཚེས་༢༩ ཡིན་ཡང་། ད་ལྟའི་དབྱིན་ཡུལ་གྱི་གྲོས་ཚོགས་ནས་ཕྱིར་འཐེན་གྱི་གྲོས་མཐུན་ལ་རྒྱབ་སྐྱོར་མེད་པའི་གནས་བབ་ལ་བརྟེན་ནས། ཡུ་རོབ་མཐུན་ཚོགས་ནས་གལ་ཏེ་བདུན་ཕྲག་རྗེས་མར་སྲིད་བློན་ལྕམ་མཱེ་ཡི་གྲོས་མཐུན་ཡིག་ཆ་གསར་པར། དབྱིན་ཡུལ་གྲོས་ཚོགས་ནང་རྒྱབ་སྐྱོར་ཐོབ་ཚེ། ཕྱིར་འཐེན་གྱི་དུས་འགྱངས་དེ་ཟླ་༥ པའི་ཚེས་༢༢ བར་བྱེད་རྒྱུ་ཡིན་པ་དང་། གལ་ཏེ་གྲོས་ཚོགས་ནས་རྒྱབ་སྐྱོར་མ་ཐོབ་ཚེ། ཟླ་༤ པའི་ཚེས་༡༢ བར་དུས་འགྱངས་བྱེད་རྒྱུ་ཡིན་འདུག
སྲིད་བློན་ལྕམ་མཱེ་ཡིས་ད་ལྟའི་ཆར་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱི་རྒྱབ་སྐྱོར་ཐོབ་ཆེད་ལས་དོན་ཧུར་བརྩོན་བྱེད་རྒྱུ་ཡིན་པ་དང་། ཉེ་ཆར་དབྱིན་ཡུལ་མི་མང་ས་ཡ་གཉིས་ལས་མང་བས་དྲ་ཐོག་ཞུ་གཏུག་ལས་འགུལ་ཞིག་སྤེལ་ཏེ། ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་མི་བྱེད་པའི་ཞུ་འབོད་བྱས་ཡོད་ཀྱང་། སྲིད་བློན་ཁོང་གིས་དེ་སྔོན་མང་མོས་འོས་བསྡུའི་སྐབས་ཕྱིར་འཐེན་བྱེད་རྒྱུར་མང་མོས་རྒྱབ་སྐྱོར་ཐོབ་ཟིན་པས། ལས་དོན་དེར་མདུན་བསྐྱོད་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
ཕྱི་ལོ་༢༠༡༦ ལོའི་ཟླ་༦ པའི་༢༥ ཉིན་དབྱིན་ཡུལ་མི་མང་གིས། རྒྱལ་ཁབ་དེ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་དགོས་མིན་ཐད་མང་མོས་འོས་བསྡུའི་ཐག་གཅོད་བྱས་ཏེ། གྲུབ་དོན་དུ་མི་མང་བརྒྱ་ཆ་༥༢ ལྷག་གིས་ཕྱིར་འཐེན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁ་ཐོབ་ཡོད་པ་རེད། སྐབས་དེའི་སྲིད་བློན་ཁེ་མུ་རོན་ནི་ཡུ་རོབ་མཐུན་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པས། མཐུན་ཚོགས་ནས་ཕྱིར་འཐེན་གྱི་ལས་དོན་བྱེད་ཐབས་མེད་སྐོར་བརྗོད་ནས། ལས་གནས་ནས་དགོངས་པ་ཞུས་པས། ཟླ་༧ པའི་ཚེས་༡༣ ཉིན་དབྱིན་ཡུལ་གྱི་གཞུང་འཛིན་ཚོགས་པས་རྒྱལ་ཁབ་ཀྱི་སྲིད་བློན་ལ་ལྕམ་ཐེ་རི་སཱ་མཱེ་བསྐོ་གཞག་བྱས་ཡོད་པ་རེད།
ཡུ་རོབ་མཐུན་ཚོགས་ནས་ཚོགས་མི་རྒྱལ་ཁབ་གཅིག་ཕྱིར་འཐེན་བྱེད་རྒྱུ་ཡིན་ཚེ། གྲོས་དོན་ཡིག་ཆ་༥༠ ལྟར་ཕྱིར་འཐེན་གྱི་སྙན་ཞུ་རྒྱག་དགོས་ཀྱི་ཡོད་པ་དང་། དེའི་རྗེས་ཀྱི་ལོ་གཉིས་ནང་ཚུད་དུ་ཕྱིར་འཐེན་གྱི་གྲོས་མོལ་བྱས་ཏེ་དུས་བཀག་ཚེས་གྲངས་ཉིན་ཕྱིར་འཐེན་དངོས་སུ་བྱེད་དགོས་ཀྱི་ཡོད་འདུག་པས། དབྱིན་ཡུལ་གྱི་སྲིད་བློན་ལྕམ་མཱེ་ཡིས་ཕྱི་ལོ་༢༠༡༧ ལོའི་ཟླ་༣ པའི་ཚེས་༢༩ ཉིན་ཕྱིར་འཐེན་གྱི་སྙན་ཞུའི་ཐོག་མིང་རྟགས་བཀོད་ཡོད་པས། ཕྱི་ལོ་༢༠༡༩ ལོའི་ཟླ་༣ པའི་ཚེས་༢༩ ཉིན་དབྱིན་ཡུལ་དེ་ཡུ་རོབ་མཐུན་ཚོགས་ནས་དངོས་སུ་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་པ་རེད་དེ། ཟླ་༡ པོའི་ནང་སྲིད་བློན་ལྕམ་མཱེ་ཡིས་ཡུ་རོབ་མཐུན་ཚོགས་དང་གྲོས་མོལ་བྱས་ཏེ་མོས་མཐུན་བྱུང་བའི་ཕྱིར་འཐེན་གྲོས་མཐུན་ལ། དབྱིན་ཡུལ་གྱི་གྲོས་ཚོགས་ནང་འཐུས་མི་༤༣༢ ཀྱིས་དགག་པ་བརྒྱབ་ཡོད་ཁར། གྲོས་ཚོགས་འཐུས་མི་༢༠༢ ཀྱིས་རྒྱབ་སྐྱོར་བྱས་ནས། གྲོས་མཐུན་དེར་ཕམ་ཁ་ཆེན་པོ་བྱུང་འདུག ཕམ་ཁ་ཆེན་པོ་དེ་ནི་དུས་རབས་ཉེར་གཅིག་ནང་དབྱིན་ཡུལ་གྱི་གཞུང་ཞིག་ལ་གྲོས་ཚོགས་ནང་ཕམ་ཁ་ཆེ་ཤོས་ཡིན་འདུག དེ་བཞིན་ཟླ་༢ པའི་ནང་ལྕམ་མཱེ་ཡི་གྲོས་མཐུན་གསར་པར་བསྐྱར་དུ་གྲོས་ཚོགས་ནང་། འཐུས་མི་༣༩༡ ཀྱིས་དགག་བྱ་བྱས་ཡོད་ཁར་༢༤༢ ཡིས་རྒྱབ་སྐྱོར་བྱས་ཏེ་ཕམ་ཁ་བྱུང་ཡོད་ཁར། ཡུ་རོབ་མཐུན་ཚོགས་ནས་གྲོས་མཐུན་མེད་པར་ཕྱིར་འཐེན་བྱེད་རྒྱུའི་གྲོས་ཆོད་ལ་ཡང་རྒྱབ་སྐྱོར་ཐོབ་མེད་པ་དང་། དེའི་ཐོག་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་དགོས་མིན་ཐད་མང་མོས་འོས་བསྡུ་ཐག་གཅོད་ཐེངས་གཉིས་པ་བྱེད་རྒྱུའི་ཐད་ལ་ཡང་རྒྱབ་སྐྱོར་ཐོབ་མེད་པ་རེད། འོན་ཀྱང་གྲོས་ཚོགས་ནས་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་དུས་བཀག་ཚེས་གྲངས་དེ་ཕྱིར་འགྱངས་ཡོང་ཐབས་བྱེད་རྒྱུར། འཐུས་མི་༤༡༢ ཀྱིས་རྒྱབ་སྐྱོར་དང་༢༠༢ ཀྱིས་དགག་བྱ་བྱས་ཏེ། ཕྱིར་འགྱངས་ཡོང་ཐབས་བྱེད་རྒྱུར་རྒྱབ་སྐྱོར་ཐོབ་ཡོད་པ་ལྟར། ཡུ་རོབ་མཐུན་ཚོགས་ནས་དུས་འགྱངས་བྱེད་རྒྱུར་མོས་མཐུན་བྱས་ཡོད་པ་རེད་དེ། མ་འོངས་པའི་གནས་སྟངས་གང་འདྲ་ཆགས་མིན་དེ་དབྱིན་ཡུལ་གྲོས་ཚོགས་ཀྱིས་གྲོས་མཐུན་གསར་པར་རྒྱབ་སྐྱོར་བྱེད་མིན་ལ་རག་ལས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།