ཡུ་རོབ་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སུ་ལྷག་པའི་སྐྱབས་བཅོལ་བའི་དཀའ་ངལ།
ཡུ་རོབ་ཀྱི་རྒྱལ་ཁབ་པཱོ་ལན་ཌ་དང་བྷེ་ལ་རུ་གཉིས་ཀྱི་ས་མཚམས་སུ། སྐྱབས་བཅོལ་བ་མང་པོ་ཞིག་བྷེ་ལ་རུ་ནས་པཱོ་ལན་ཌ་ལ་འགྲོ་ཐབས་བྱེད་བཞིན་འདུག་ཀྱང་། པཱོ་ལན་ཌ་ཡིས་བཀག་འགོག་བྱེད་བཞིན་འདུག་པས། སྐྱབས་བཅོལ་བ་རྣམས་ལ་ཟས་གོས་གནས་མལ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
ཡུ་རོབ་ཀྱི་རྒྱལ་ཁབ་པཱོ་ལན་ཌ་དང་བྷེ་ལ་རུ་གཉིས་ཀྱི་ས་མཚམས་སུ། སྐྱབས་བཅོལ་བ་མང་པོ་ཞིག་བྷེ་ལ་རུ་ནས་པཱོ་ལན་ཌ་ལ་འགྲོ་ཐབས་བྱེད་བཞིན་འདུག་ཀྱང་། པཱོ་ལན་ཌ་ཡིས་བཀག་འགོག་བྱེད་བཞིན་འདུག་པས། སྐྱབས་བཅོལ་བ་རྣམས་ལ་ཟས་གོས་གནས་མལ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
ཟླ་༡༡ པའི་ཚེས་༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ད་ལྟའི་ཆར་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་པཱོ་ལན་ཌ་དང་ཚོགས་མི་མིན་པའི་ཡུ་རོབ་ཀྱི་རྒྱལ་ཁབ་བྷེ་ལ་རུ་གཉིས་ཀྱི་ས་མཚམས་སུ། གནམ་གཤིས་གྲང་མོའི་འོག་ཏུ་སྐྱབས་བཅོལ་བ་ཉུང་མཐར་༢༠༠༠ ཞིག་བྷེ་ལ་རུ་ནས་པཱོ་ལན་ཌར་འགྲུལ་བཞུད་བྱེད་ཐབས་བྱེད་བཞིན་འདུག་ཀྱང་། པཱོ་ལན་ཌ་ཡིས་སྐྱབས་བཅོལ་བ་རྣམས་བཀག་འགོག་བྱེད་ཆེད་དུ་ས་མཚམས་སུ་དམག་མི་མང་པོ་བཏང་ནས་སྐྱབས་བཅོལ་བ་རྣམས་ས་མཚམས་སུ་ལྷག་ཡོད་པ་རེད་འདུག
པཱོ་ལན་ཌའི་སྲིད་བློན་མཱོ་རཱའོ་ཝི་ཀཱི་ཡིས་བྷེ་ལ་རུའི་སྲིད་དབང་སྒེར་འཛིན་བྱེད་མཁན་གྱི་འགོ་ཁྲིད་ལུ་ཀཱ་ཤིན་ཀཱོ་ཡིས། ཆེད་དུ་མངགས་ནས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་བརྟན་ལྷིང་མེད་པ་བཟོ་ཆེད་དུ། སྐྱབས་བཅོལ་བ་མང་པོ་ཞིག་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་པཱོ་ལན་ཌ་དང་། ལཱི་ཐུ་ནི་ཡ་སོགས་ནས་གཏོང་གི་ཡོད་པའི་ཉེས་འཛུགས་བྱས་འདུག
དེ་ཡང་ཕྱི་ལོ་༢༠༢༠ ལོའི་ཟླ་༩ པའི་ནང་བྷེ་ལ་རུའི་སྲིད་འཛིན་འོས་བསྡུར་རྒྱུན་རིང་ནས་སྲིད་དབང་འཛིན་མཁན་ལས་ཁུར་སྲིད་འཛིན་གྱིས་འོས་བསྡུའི་གྲུབ་འབྲས་རྫུན་བཟོ་བྱས་པའི་གནད་དོན་ལྷག་ཡོད་པས། མི་མང་གིས་ངོ་རྒོལ་ཆེན་པོ་བྱས་ཡོད་ཀྱང་། ཁོང་གིས་རྩ་དགོངས་ཞུ་འདོད་ཡོད་པའི་རྣམ་འགྱུར་གང་ཡང་བསྟན་མེད་ཁར། ངོ་རྒོལ་བ་ཚོར་དྲག་གནོན་ཤུགས་ཆེན་བྱས་ཡོད་པས། ཡུ་རོབ་མཐུན་ཚོགས་ཀྱིས་འོས་བསྡུའི་གྲུབ་འབྲས་དེར་ངོས་ལེན་མེད་པའི་གསལ་བསྒྲགས་དང་། སྲིད་འཛིན་ཁོང་ལ་དཔལ་འབྱོར་ཉེས་ཆད་བཏང་ཡོད་པས། ད་ལྟའི་ཆར་བྷེ་ལ་རུ་ནས་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་གཞན་ལ་སྐྱབས་བཅོལ་བ་མང་པོ་གཏོང་བཞིན་པ་དེ་ནི་དཔལ་འབྱོར་ཉེས་ཆད་ཀྱི་དགྲ་ཤ་ལེན་ཆེད་ཡིན་པའི་ཉེས་འཛུགས་བྱས་འདུག་ཀྱང་། བྷེ་ལ་རུའི་འགོ་ཁྲིད་ཀྱིས་སྐྱབས་བཅོལ་བ་རྣམས་ཁྲིམས་མཐུན་ཐོག་ནས་སླེབས་ཀྱི་ཡོད་པས། ཁོ་ཚོར་སྣེ་ལེན་ཡག་པོ་བྱས་པ་ཡིན་པ་ལས། དགྲ་ཤ་ལེན་ཆད་མིན་སྐོར་བརྗོད་འདུག
སྐྱབས་བཅོལ་བ་མང་ཆེ་བ་ནི་དཀྱིལ་ཤར་ཡུལ་གྲུ་དང་ཨེ་ཤི་ཡ་རྒྱལ་ཁབ་ཁག་ནས་ཡིན་པ་དང་། དེའི་ནང་ནས་མང་ཆེ་བ་ཞིག་སྐྱེས་པ་ལོ་གཞོན་པ་ཡིན་འདུག་ཀྱང་། བུད་མེད་དང་ཕྲུ་གུ་ཡང་མི་ཉུང་བ་ཡོད་འདུག ད་ལྟའི་ཆར་པཱོ་ལན་ཌ་དང་བྷེ་ལ་རུ་གཉིས་བར་གྱི་རྩོད་རྙོག་ལ་བརྟེན་ནས། སྐྱབས་བཅོལ་བ་རྣམས་བྷེ་ལ་རུའི་ཕྱོགས་ཀྱི་ས་མཚམས་སུ་གནམ་གཤིས་གྲང་མོ་ཡོད་ཀྱང་གུར་ནང་དུ་བསྡད་ཡོད་ཁར། ཁ་ལག་དང་ཆུ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག ལས་འགུལ་བ་ཚོས་པཱོ་ལན་ཌ་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཁྲིམས་དང་འགལ་ནས། སྐྱབས་བཅོལ་བ་རྣམས་ས་མཚམས་ནས་ཕྱིར་སློག་བྱས་ཡོད་པ། དེ་བཞིན་ཡུ་རོབ་མཐུན་ཚོགས་དང་བྷེ་ལ་རུ་གཉིས་བར་གྱི་སྲིད་དོན་རྩོད་རྙོག་ནང་སྐྱབས་བཅོལ་བ་རྣམས་ལག་ཆར་བེད་སྤྱོད་བྱེད་པའི་ཉེས་འཛུགས་བྱེད་བཞིན་འདུག ས་མཚམས་སུ་གསར་འགོད་པ་དང་རོགས་ཚོགས་སོགས་ཡོང་མི་ཆོག་པ་བཟོས་འདུག
བྷེ་ལ་རུའི་མཐུན་ཕྱོགས་རྒྱལ་ཁབ་ཨུ་རུ་སུ་ཡིས་གནད་དོན་དེ་དང་འབྲེལ་ནས། བྷེ་ལ་རུ་ཡིས་འགན་ཁུར་ཡག་པོ་བྱས་ཡོད་པ་དང་། གནས་སྟངས་ལ་རྟོག་ཞིབ་ནན་པོ་བྱེད་བཞིན་ཡོད་སྐོར་བརྗོད་འདུག པཱོ་ལན་ཌའི་སྲིད་བློན་གྱིས་བྷེ་ལ་རུའི་བྱ་སྤྱོད་ཀྱི་རྒྱབ་ཏུ་ཨུ་རུ་སུའི་བརྒྱུད་སྐུལ་ཡོད་པའི་ཉེས་འཛུགས་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།