ཡུག་ཀེ་རན་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པའི་བསམ་ཚུལ་ལ་དགག་པ་བརྒྱབ་འདུག 

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་གྲགས་ཅན་ཀཱི་སིང་ཇེར་གྱིས་ཡུག་ཀེ་རན་དང་ཨུ་རུ་སུའི་དམག་འཁྲུག་དེ་མཚམས་འཇོག་ཡོང་ཆེད་དུ། ཕྱོགས་གཉིས་བར་གྲོས་མོལ་བྱེད་དགོས་པ་དང་རྩོད་རྙོག་ཅན་གྱི་ས་ཁུལ་ཁག་གི་བདག་དབང་དང་འབྲེལ་ནས་གྲོས་མོལ་དང་མང་མོས་འོས་བསྡུ་ཐག་གཅོད་བྱེད་དགོས་སྐོར་བརྗོད་པར། ཡུག་ཀེ་རན་གྱིས་བསམ་ཚུལ་དེར་སྐྱོན་བརྗོད་བྱས་ཏེ་ངོས་ལེན་བྱས་མི་འདུག 

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་གྲགས་ཅན་ཀཱི་སིང་ཇེར་གྱིས་ཡུག་ཀེ་རན་དང་ཨུ་རུ་སུའི་དམག་འཁྲུག་དེ་མཚམས་འཇོག་ཡོང་ཆེད་དུ། ཕྱོགས་གཉིས་བར་གྲོས་མོལ་བྱེད་དགོས་པ་དང་རྩོད་རྙོག་ཅན་གྱི་ས་ཁུལ་ཁག་གི་བདག་དབང་དང་འབྲེལ་ནས་གྲོས་མོལ་དང་མང་མོས་འོས་བསྡུ་ཐག་གཅོད་བྱེད་དགོས་སྐོར་བརྗོད་པར། ཡུག་ཀེ་རན་གྱིས་བསམ་ཚུལ་དེར་སྐྱོན་བརྗོད་བྱས་ཏེ་ངོས་ལེན་བྱས་མི་འདུག 

ཟླ་༡༢ པའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་རང་ལོ་༩༩ ལ་སོན་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་བདེ་སྲུང་སློབ་སྟོན་པ་ཟུར་པ་ཧན་རཱི་ཀཱི་སིང་ཇེར་གྱིས། དུས་དེབ་ཅིག་གི་ཐོག་ཏུ་འཛམ་གླིང་གི་དམག་ཆེན་གཞན་ཞིག་གང་འདྲ་གཡོལ་དགོས་སམ་ཞེས་པའི་རྩོམ་ཡིག་ཅིག་སྤེལ་འདུག 

དེའི་ནང་ཁོང་གིས་བརྗོད་དོན་ལ། རང་ཉིད་ནས་ཐེངས་མང་པོར་མཐུན་ཕྱོགས་རྒྱལ་ཁབ་ཚོའི་དམག་མིའི་སྟོབས་ཤུགས་ལ་བརྟེན་ནས། ཡུག་ཀེ་རན་དུ་ཨུ་རུ་སུའི་བཙན་འཛུལ་བཀག་འགོག་བྱེད་དགོས་པའི་བསམ་ཚུལ་བཏོན་ཡོད་ཀྱང་། ད་ཆ་དམག་འཁྲུག་དེའི་ནང་དུ་གལ་གནད་ཆེ་བའི་འགྱུར་བ་མང་པོ་ཞིག་སོང་ཡོད་པ་དང་བསྟུན་ནས། ཞི་བདེའི་ཆེད་དུ་གྲོས་མོལ་བྱེད་པའི་དུས་ལ་བབ་ཡོད་སྐོར་བརྗོད་འདུག 

དེ་སྔོན་ཟླ་༥ པའི་ནང་འཛམ་གླིང་དཔལ་འབྱོར་ལྷན་ཚོགས་སྐབས་སུ། ཕྱི་སྲིད་དྲུང་ཆེ་ཟུར་པ་ཁོང་གིས་ཡུག་ཀེ་རན་གྱིས་ཨུ་རུ་སུའི་དབང་སྒྱུར་འོག་ཡོད་པའི་ཁཱེ་རི་མི་ཡཱ་མངའ་ཁུལ་དེ་ཨུ་རུ་སུར་ཉར་འཇུག་དགོས་པ་དང་། ཨུ་རུ་སུས་ཕྱི་ལོ་༢༠༢༢ ལོའི་ཟླ་༢ པའི་ནང་ཡུག་ཀེ་རན་དུ་བཙན་འཛུལ་མ་བྱས་པའི་སྔོན་གྱི་ས་མཚམས་གཞིར་བཞག་གིས། དམག་མི་རྣམས་ཕྱིར་འཐེན་བྱེད་དགོས་པའི་བསམ་ཚུལ་བཏོན་ཡོད་པ་རེད་འདུག་ཀྱང་། ཐེངས་འདིར་ཁོང་གི་རྩོམ་ཡིག་ནང་དུ། ཐོག་མར་ཕྱོགས་གཉིས་བར་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་འཇོག་དགོས་པ་དང་། དེའི་རྗེས་སུ་རྩོད་རྙོག་ཅན་གྱི་མངའ་ཁུལ་ཁག་གི་ཐོག་ཏུ་ཐག་གཅོད་བྱེད་དགོས་པ། གལ་ཏེ་མངའ་ཁུལ་དེ་དག་གི་བདག་དབང་ཐོག་ཏུ་དམག་དང་གྲོས་མོལ་གཉིས་ཀ་ཐོག་ནས་ཐག་གཅོད་བྱེད་ཐུབ་ཀྱི་མེད་ཚེ། མངའ་ཁུལ་དེ་དག་གི་མི་མང་ཚོར་རང་ཐག་རང་གཅོད་ཀྱི་གོ་སྐབས་སྤྲོད་དགོས་པ་དང་། དེའི་ཆེད་དུ་རྒྱལ་སྤྱིའི་ཚོགས་སྡེ་ཚོས་མང་མོས་འོས་བསྡུ་ཐག་གཅོད་གོ་སྒྲིག་བྱེད་དགོས་སྐོར་བརྗོད་འདུག 

དེ་བཞིན་ཁོང་གིས་དམག་འཁྲུག་དེའི་ནང་ཁ་ཤས་ཀྱིས་ཨུ་རུ་སུར་ཕམ་ཉེས་ཆེན་པོ་བྱུང་ནས་ནུས་སྟོབས་མེད་པ་ཆགས་རྒྱུའི་རེ་འདོད་བཅང་གི་ཡོད་པ་རེད་དེ། ཁོང་གིས་གྲུབ་འབྲས་དེ་འདྲ་ཞིག་ཡོང་དགོས་པ་མོས་མཐུན་བྱེད་ཀྱི་མེད་པ། ཨུ་རུ་སུར་དྲག་སྤྱོད་ལ་གོམས་འདྲིས་ཆེན་པོ་ཡོད་ཀྱང་། འཛམ་གླིང་གི་ལོ་རྒྱུས་ནང་གི་སྟོབས་ཤུགས་ལ་ལྗིད་སྙོམས་སྟངས་དང་རྒྱལ་སྤྱིའི་བརྟན་ལྷིངས་ཐོག་ལ་གལ་གནད་ཆེ་བའི་ལས་དོན་སྤེལ་ཡོད་པས། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཨུ་རུ་སུའི་ལས་དོན་ལ་རྩིས་མེད་གཏོང་མི་ཉན་ཁར། ད་ལྟ་ཨུ་རུ་སུའི་དམག་ལ་ཕམ་ཉེས་འབྱུང་བཞིན་ཡོད་པ་དེས། ཁོ་ཚོའི་རྡུལ་ཕྲན་མཚོན་ཆའི་ནུས་པར་རྩ་མེད་བཏང་ཐུབ་མེད་སྐོར་བརྗོད་འདུག 

རྩོམ་ཡིག་དེ་དང་འབྲེལ་ནས་ཡུག་ཀེ་རན་གྱིས་ཕྱི་སྲིད་དྲུང་ཆེ་ཟུར་པ་ཁོང་གིས་ད་དུང་ཡང་ཅི་གང་ཤེས་ཀྱི་མི་འདུག ཁོང་གིས་དམག་འཁྲུག་དེའི་རང་བཞིན་དང་འཛམ་གླིང་ཐོག་ཡོད་པའི་དེའི་ཤུགས་རྐྱེན་ཐོག་གང་ཡང་ཤེས་ཀྱི་མི་འདུག ཁོང་གི་བསམ་ཚུལ་དེ་ནི་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་གཞན་ལ་བཙན་འཛུལ་མི་བྱེད་པའི་ཁས་ལེན་གྱི་ཆེད་དུ། ཡུག་ཀེ་རན་གྱི་མངའ་ཁུལ་ཁག་ཅིག་བློས་གཏོང་བྱས་ཏེ་བཙན་འཛུལ་བར་ངོ་སྲུང་བྱེད་དགོས་སྐོར་བརྗོད་ཀྱི་ཡོད་པ། ཐབས་ལམ་དེར་རྒྱབ་སྐྱོར་བྱེད་མཁན་ཚང་མས་ཤེས་དགོས་པ་ཞིག་ལ། གལ་ཏེ་ཡུག་ཀེ་རན་གྱི་མངའ་ཁུལ་ཁག་ཅིག་བློས་གཏོང་བྱས་ཏེ་ཨུ་རུ་སུ་དང་ཞི་འགྲིག་བྱས་ཚེ། དེ་ནི་པུ་ཀྲེན་ལ་རྒྱལ་ཁ་ཞིག་ཡིན་ཁར། འཛམ་གླིང་ཡོངས་སུ་དབང་ཆ་གཅིག་སྡུད་པ་ཚོར་གྲུབ་འབྲས་ཐོན་པའི་ཐབས་ལམ་གྱི་དཔེ་མཚོན་ཞིག་ཆགས་རྒྱུ་ཡིན་སྐོར་བརྗོད་ནས། བསམ་ཚུལ་དེར་དགག་བྱ་ཆེན་པོ་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།