ཡུག་རེན་གྱི་ཞི་བདེ་དང་འབྲེལ་བའི་ལྷན་ཚོགས་ཐོག་རྒྱལ་ཁབ་ཁག་ཅིག་གིས་མཐའ་མའི་བསྒྲགས་གཏམ་ཐོག་མཚན་རྟགས་མ་བཀོད།
ཟླ་འདིའི་ཚེས་༡༦ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་ཁབ་དགུ་བཅུ་ལྷག་གི་སྲིད་འཛིན་དང་སྲིད་བློན། ཕྱི་འབྲེལ་མི་སྣ་སོགས་སུད་སི་ལ་འཛོམས་ནས་ཡུག་རེན་ནང་གི་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་གོ་བསྡུར་བྱས་པའི་རྗེས། མཉམ་འབྲེལ་གྱི་བསྒྲགས་གཏམ་ཐོག་ཏུ་མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་ཁག་ཅིག་གིས་མཚན་རྟགས་བཀོད་མེད་པ་རེད་འདུག
ཟླ་འདིའི་ཚེས་༡༥ ནས་ཉིན་གྲངས་གཉིས་ཀྱི་རིང་། སུད་སི་ལ་ཡུག་རེན་ནང་གི་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་། ལྷན་ཚོགས་དེའི་ཆེད་དུ་རྒྱལ་ཁབ་༡༦༠ ལ་མགྲོན་ཤོག་ཕུལ་ཡོད་ཀྱང་། ཐེེངས་འདིའི་ལྷན་ཚོགས་ཐོག་རྒྱལ་ཁབ་༥༧ གྱི་འགོ་ཁྲིད་དང་རྒྱལ་ཁབ་༢༩ ཡི་བློན་ཆེན། རྒྱལ་ཁབ་༦ ་ནས་ཕྱི་འབྲེལ་མི་སྣ་བཅས་ཁྱོན་བསྡོམས་རྒྱལ་ཁབ་༩༢ མ་གཏོགས་མཉམ་ཞུགས་བྱས་མེད་ཅིང་། ཨ་རིའི་སྲིད་འཛིན་བྷ་ཌན་དང་རྒྱ་གར་གྱི་སྲིད་བློན་མོ་དྷི། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་སོ་དྷི་ཨ་རབ་ཀྱི་རྒྱལ་སྲས་བཅས་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཀྱང་མཉམ་ཞུགས་བྱས་མེད་པ་རེད་འདུག
ལྷན་ཚོགས་དེའི་ཐོག་ཏུ་ཉིང་རྡུལ་གྱི་བདེ་འཇགས་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར། བཟའ་འབྲུའི་བདེ་འཇགས་བཅས་ཀྱི་ཐོག་ལ་གླེང་མོལ་བྱས་ཡོད་པ་ལས། དམག་འཁྲུག་མཚམས་འཇོག་གི་གྲོས་འཆར་གང་ཡངག་བཏོན་མེད་པ་རེད་འདུག
ཉིན་གཉིས་རིང་ལྷན་ཚོགས་ཐོག་གོ་བསྡུར་བྱས་རྗེས་མཉམ་འབྲེལ་གྱིས་བསྒྲགས་གཏམ་ཞིག་སྤེལ་ཡོད་ན་ཡང་། བསྒྲགས་གཏམ་ཐོག་ལ་ཚོགས་ཞུགས་རྒྱལ་ཁབ་༧༨ དང་ཡུ་རོབ་ཀྱི་ཚོགས་པ་༤ བཅས་ཀྱིས་ས་རྟགས་བཀོད་ཡོད་འདུག ཨར་མེ་ནི་ཡ་དང་བྷ་རེན། བྷར་ཛིལ། ཧིན་རྡུ་ནེ་ཤེ་ཡ། ཀོ་ལོམ་བྷི་ཡ། ལི་བྷི་ཡ། མེག་སི་ཁོ། སོ་དྷི་ཨ་རབ། ལྷོ་ཨ་ཧྥི་རི་ཁ། སུ་རི་ནམ། ཐེ་ལན་ཌི། ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ་བཅས་མཉམ་ཞུགས་བྱས་ཡོད་ཀྱང་། ཐུན་མོང་གི་བསྒྲགས་གཏམ་ལ་མཚན་རྟགས་བཀོད་མེད་པ་རེད་འདུག
ཐེངས་འདིའི་ལྷན་ཚོགས་ཐོག་ཨུ་རུ་སུ་གདན་འདྲེན་ཞུས་མེད་པར་བརྟེན། རྒྱ་གཞུང་གིས་ཡུག་རེན་གྱི་ཞི་བདེའི་ཐོག་བཀའ་མོལ་གང་གནང་ཡང་ཨུ་རུ་སུ་མཉམ་ཞུགས་དགོས་ཞེས་བརྗོད་ནས་ལྷན་ཚོགས་ཐོག་མཉམ་ཞུགས་བྱས་མི་འདུག་པ་དང་། གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱལ་ཁབ་དེ་དག་གིས་བསྒྲགས་གཏམ་ལ་མཚན་རྟགས་མི་བཀོད་པ་དེས་ཨུ་རུ་སུ་ལ་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད་པར་བརྗོད་འདུག
གཞན་ཡང་ཟླ་འདིའི་ཚེས་༡༤ ་ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་གལ་སྲིད་ཡུག་རེན་གྱིས་དམག་དཔུང་དག་ཕྱི་ལོ་༢༠༢༢ ལོར་ཨུ་རུ་སུས་དབང་བསྒྱུར་བྱས་པའི་ས་ཁུལ་བཞི་ནས་ཕྱིར་འཐེན་བྱེད་འགོ་བཙུགས་པ་དང་བྱང་ཆིངས་སྒྲིག་འཛུགས་ནང་ཞུགས་རྒྱུའི་འཆར་གཞི་དོར་ཚེ། ཨུ་རུ་སུས་འཕྲལ་དུ་དམག་འཁྲུག་མཚམས་འཇོག་རྒྱུའི་བཀའ་བཏང་ནས་གྲོས་མོལ་བྱེད་འགོ་འཛུགས་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།