ཡུག་རེན་དང་ཨུ་རུ་སུའི་བར་དམག་མཚམས་འཇོག་རྒྱུའི་རྟགས་མཚན་གང་ཡང་མི་འདུག
ཟླ་འདིའི་ཚེས་༥ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུས་ཡུག་རེན་གྱི་ གྲོང་འཁྱེར་མ་རེའུ་པོལ་དུ་ཡོད་པའི་དྭངས་ལྕགས་བཟོ་གྲྭ་ལ་ཉིན་གསུམ་གྱི་རིང་མེ་འཕེན་མཚམས་འཇོག་བྱས་ནས། ཡུལ་དེའི་མི་སེར་༢༠༠ ཙམ་ཞིག་བྲོས་བྱོལ་ཏུ་གཏོང་རྒྱུ་ཡིན་པ་བརྗོད་ནས། དེ་སྔ་ཨུ་རུ་སུས་མེ་འཕེན་མཚམས་འཇོག་གི་གསལ་བསྒྲགས་བཏང་ཟིན་ན་ཡང་མུ་མཐུད་ནས་གཏོར་རྒོལ་བྱེད་ཀྱི་ཡོད་པར་བརྟེན། ཡུག་རེན་གྱིས་ཉེས་འཛུགས་བྱས་ཡོད་པ་དང་།
ཟླ་འདིའི་ཚེས་༥ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུས་ཡུག་རེན་གྱི་ གྲོང་འཁྱེར་མ་རེའུ་པོལ་དུ་ཡོད་པའི་དྭངས་ལྕགས་བཟོ་གྲྭ་ལ་ཉིན་གསུམ་གྱི་རིང་མེ་འཕེན་མཚམས་འཇོག་བྱས་ནས། ཡུལ་དེའི་མི་སེར་༢༠༠ ཙམ་ཞིག་བྲོས་བྱོལ་ཏུ་གཏོང་རྒྱུ་ཡིན་པ་བརྗོད་ནས། དེ་སྔ་ཨུ་རུ་སུས་མེ་འཕེན་མཚམས་འཇོག་གི་གསལ་བསྒྲགས་བཏང་ཟིན་ན་ཡང་མུ་མཐུད་ནས་གཏོར་རྒོལ་བྱེད་ཀྱི་ཡོད་པར་བརྟེན། ཡུག་རེན་གྱིས་ཉེས་འཛུགས་བྱས་ཡོད་པ་དང་། ཡུག་རེན་གྱི་མི་ སེར་དཀྱུས་མ་༣༠༠ ལྷག་ཡུག་རེན་གྱི་གྲོང་འཁྱེར་མ་རེའུ་པོལ་(Mariupol) དང་ཡུག་རེན་གྱི་ལྷོ་ཕྱོགས་ས་ཁུལ་ཁག་གཅིག་ནས་ས་གནས་གཞན་དུ་གནས་སྤོ་བྱས་ཡོད་པ་མཉམ་སྦྲེལ་རྒྱལ་ཁབ་ཀྱིས་འགྲེལ་བརྗོད་བྱས་འདུག
དེ་དང་དུས་མཚུངས་སུ་ཡུ་རོབ་མཐུན་ཚོགས་ཀྱིས་ལོ་འདིའི་ལོ་འཇུག་ཏུ་ཨུ་རུ་སུའི་རྩ་ནས་སྣུམ་ཉོ་ཚོང་བྱེད་རྒྱུ་ཡོངས་རྫོགས་མཚམས་འཇོག་བྱེད་རྒྱུའི་འཆར་གཞི་བཏིང་ཡོད་ཀྱང་། ཡུ་རོབ་མཐུན་ཚོགས་ཀྱི་ ཚོགས་མི་རྒྱལ་ཁབ་ཧང་གྷ་རི་དང་སི་ལོ་ཝ་གཉིས་ཀྱིས་ཕྱི་ལོ་༢༠༢༣ གྱི་ལོ་འཇུག་བར་ཨུ་རུ་སུའི་རྡོ་སྣུམ་རྗེན་པ་ཉོ་རྒྱུ་ཡིན་པ་བརྗོད་འདུག ད་ལྟའི་ཆར་ཨ་རིས་ཨུ་རུ་སུའི་སྣུམ་ཡོངས་རྫོགས་བཀག་སྡོམ་བྱེད་རྒྱུའི་གསལ་བསྒྲགས་བཏང་ཟིན་པའི་གནས་ཚུལ་སྤེལ་འདུག
ལོ་འདིའི་ཕྱི་ཟླ་༢ པའི་ཚེས་༢༤ ནས་ད་ལྟའི་བར་དུ་ཨུ་རུ་སུས་ཡུག་རེན་གྱི་གྲོང་འཁྱེར་ཁག་ཏུ་ས་གནམ་གཉིས་ཀའི་ཐོག་ནས་དྲག་རྒོལ་བྱེད་ཀྱི་ཡོད་ཀྱང་། ད་ལྟའི་བར་དུ་ཨ་རུ་སུས་དེ་ནི་ཡུག་རེན་ལ་དམིགས་བསལ་དམག་གི་གཤག་བཅོས་(ཡུག་རེན་གྱི་ནང་དུ་ན་ཛིའི་ཤོག་ཁག་མེད་པ་བཟོ་བྱེད་དུ་ངོས་འཛིན་པ་)ལས་བཙན་འཛུལ་དང་དམག་འཁྲུག་ཅིག་ཏུ་ངོས་འཛིན་བྱེད་ཀྱི་མེད་པ་རེད། ཡིན་ནའང་། ཟླ་འདིའི་ཚེས་༩ ཉིན་ནི་འཇར་མ་ནི་ཡི་ན་ཛི་དམག་དཔུང་གིས་༡༩༤༥ ལོར་ཨུ་རུ་སུ་ལ་མགོ་བཏགས་ཞུས་པའི་ཉིན་མོ་ཡིན་པར་བརྟེན། ཨུ་རུ་སུས་དེ་ནི་རྒྱལ་ཁ་ཡི་ཉིན་མོ་རུ་སྲུང་བརྩི་བྱེད་ཀྱི་ཡོད་པས་ཡུག་རེན་དང་ནུབ་ཕྱོགས་དཔོན་རིགས་ཚོས་ཟླ་འདིའི་ཚེས་༩ ཉིན་གནས་སྟངས་ལ་འགྱུར་བ་འགྲོ་སྲིད་པ་འགྲེལ་བརྗོད་བྱེད་བཞིན་འདུག
ཡུག་རེན་དང་ཨུ་རུ་སུའི་བར་དུ་དམག་འཐབ་བྱས་ནས་ད་ལྟའི་བར་ཉིན་གྲངས་༧༡ ཕྱིན་ཟིན་ཡང་ད་ལྟ་ཡང་དམག་མཚམས་འཇོག་རྒྱུའི་རྟགས་མཚན་གང་ཡང་མེད་པ་དང་། ད་ལྟའི་བར་དུ་ཡུག་རེན་གྱི་ཡུལ་མི་ས་ཡ་ལྔ་ལྷག་རྒྱལ་ཁབ་གཞན་དུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་འདུག་ལ། དམག་འཁྲུག་དེའི་ཁྲོད་དུ་ཨུ་རུ་སུའི་དམག་སྤྱི་༡༢ དང་དམག་མི་ཁྲི་གཉིས་ལྷག་གི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་རྒྱལ་སྤྱི་གསར་ལམ་ཁག་ཏུ་སྤེལ་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།