ར་ཤི་ཡའི་བུ་མོ་སྤུན་གསུམ་གྱིས་ཨ་ཕ་བསད་པའི་གནས་ཚུལ་ལ་རྩོད་གླེང་ཆེན་པོ་བྱུང་།
ཕྱི་ལོ་༢༠༡༨ ཟླ་༧ པའི་ནང་ལོ་ན་ཆུང་བའི་བུ་མོ་སྤུན་གསུམ་(ལོ་ ༡༧ དང་། ༡༨། ༡༩ བཅས་ཡིན་)གྱིས་སོ་སོའི་ཁང་པའི་ནང་གཉིད་དུ་ཡུར་བའི་ཨ་ཕ་ལ་གྲི་དང་ཐོ་བ་གཞུས་ནས་བསད། གནས་ཚུལ་དེར་རྟོག་ཞིབ་བྱེད་མཁན་ཚོས་བུ་མོ་གསུམ་གྱི་ཨ་ཕས་ཁོ་ཚོ་གསུམ་ལ་ལོ་མང་རིང་ལུས་སེམས་གཉིས་ཀའི་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བའི་བདེན་དཔང་རྙེད།
ཕྱི་ལོ་༢༠༡༩ ཟླ་༨ ཚེས་༢༢ ཉིན་བྷེ་བྷེ་སི་གསར་ཁང་ནས་སྤེལ་ཞིང་། དཀོན་མཆོག་རབ་བརྟན་གྱིས་བསྒྱུར་སྒྲིག་བྱས།
ཕྱི་ལོ་༢༠༡༨ ཟླ་༧ པའི་ནང་ལོ་ན་ཆུང་བའི་བུ་མོ་སྤུན་གསུམ་(ལོ་ ༡༧ དང་། ༡༨། ༡༩ བཅས་ཡིན་)གྱིས་སོ་སོའི་ཁང་པའི་ནང་གཉིད་དུ་ཡུར་བའི་ཨ་ཕ་ལ་གྲི་དང་ཐོ་བ་གཞུས་ནས་བསད། གནས་ཚུལ་དེར་རྟོག་ཞིབ་བྱེད་མཁན་ཚོས་བུ་མོ་གསུམ་གྱི་ཨ་ཕས་ཁོ་ཚོ་གསུམ་ལ་ལོ་མང་རིང་ལུས་སེམས་གཉིས་ཀའི་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བའི་བདེན་དཔང་རྙེད།
བུ་མོ་སྤུན་གསུམ་མི་གསོད་ལག་དམར་གྱི་ཉེས་པའི་འོག་བཙོན་འཇུག་བྱས་རྗེས། ཁོ་གསུམ་དང་ཁོ་གསུམ་ལ་ཅི་ཞིག་བྱ་དགོས་མིན་དེ་ར་ཤི་ཡའི་སྤྱི་ཚོགས་ཁྲོད་བགྲོ་གླེང་གི་བརྗོད་བྱ་ཚ་ཤོས་ཤིག་ཏུ་གྱུར་བ་དང་། མི་མང་༣༠༠,༠༠༠ ལྷག་གིས་ཁོ་གསུམ་གློད་གྲོལ་དགོས་པའི་མཚན་རྟགས་བཀོད།
ཡང་སྙིང་ཅི་ཞིག་བྱུང་བ་ཡིན་ནམ།
ཕྱི་ལོ་༢༠༡༨ ཟླ་༧ ཚེས་༢༧ གྱི་དགོང་མོར་ལོ་ན་༥༧ ལ་སོན་པའི་ཁ་ཆ་རན་(Mikhail Khachaturyan) གྱིས་སོ་སོའི་བུ་མོ་གསུམ་པོ་རེ་རེ་བཞིན་ཉལ་ཁང་དུ་བོས་ནས་ཁང་པ་གཙང་མ་ཡག་པོ་བྱས་མེད་པར་གཤེ་གཤེ་བཏང་བ་མ་ཟད། ཁོ་ཚོའི་ངོ་གདོང་ལ་གཡེར་མའི་ཚ་རླངས་(pepper gas) ཀྱང་གཏོར།
དེ་ནས་ཅུང་ཙམ་གྱི་རྗེས་སུ་ཁོ་གཉིད་དུ་ཡུར་བའི་སྐབས། བུ་མོ་སྤུན་གསུམ་གྱིས་གྲི་དང་། ཐོ་བ། གཡེར་མའི་ཚ་རླངས་བཅས་ཐོགས་ནས་ཁོ་ལ་འཇབ་རྒོལ་བྱས་པ་མ་ཟད། ཁོའི་མགོ་དང་། བྲང་ཁ། སྐེ་བཅས་ལ་གྲི་དང་ཐོ་བ་སྣུན་རྒྱག་བྱས་ནས་བསད་པས། ཁོའི་ལུས་སྟེང་དུ་གྲི་རྨས་༣༠ ལྷག་ཅིག་ཕོག
དེ་ནས་ན་ཆུང་བུ་མོ་གསུམ་གྱིས་ཉེན་རྟོག་པ་བོས་ཤིང་། ཉེན་རྟོག་པས་ཁོ་གསུམ་གནས་དེ་རང་ནས་འཇུ་བཟུང་བྱས།
ཅང་མ་འགོར་བར། ཉེས་དོན་དེའི་ཞིབ་དཔྱོད་འབྲས་བུ་ལས་ཁྱིམ་ཚང་དེར་འཚེ་བ་དང་མནར་གཅོད་ཀྱི་ལོ་རྒྱུས་རིང་པོ་ཞིག་ཡོད་པ་རྟོགས། ཨ་ཕ་ཁ་ཆ་རན་གྱིས་སོ་སོའི་བུ་མོ་གསུམ་ལ་འདས་པའི་ལོ་གསུམ་ལྷག་གི་རིང་རྟག་ཏུ་རྒྱག་རྡུང་མནར་གཅོད་བཏང་བ་མ་ཟད། བཙོན་དུ་ཉར་ནས་ཚུལ་མིན་གྱི་འཁྲིག་སྤྱོད་ཀྱང་བྱས་པའི་དཔང་རྟགས་བྱུང་།
ཁྱིམ་ཚང་གི་སྡུག་སྦྱོང་མནར་གཅོད་སྐོར་རྩོད་གླེང་ཆེན་པོ་བྱུང་བ།
གྱོད་དོན་དེ་སྐད་ཅིག་ཉིད་ལ་ར་ཤི་ཡའི་ནང་རྩོད་གླེང་ཤིན་ཏུ་ཆེན་པོ་ཞིག་ཏུ་གྱུར་པ་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོས་བུ་མོ་ཚོ་ལ་གདུག་རྩུབ་ཆེ་བའི་ཨ་ཕ་ལས་སྲུང་སྐྱོབ་བྱེད་པའི་ཐབས་ལམ་མེད་པས། ཁོ་ཚོ་གསུམ་གནོད་འཚེ་ཕོག་ཡུལ་ཡིན་པ་ལས་ཉེས་ཅན་པ་མ་ཡིན་པའི་རྒྱུ་མཚན་དྲངས། ཡིན་ན་ཡང་། ར་ཤི་ཡའི་ནང་ཁྱིམ་ཚང་ནང་གི་སྡུག་སྦྱོང་མནར་གཅོད་མྱོང་མཁན་རྣམས་སྲུང་སྐྱོབ་བྱེད་པའི་ཁྲིམས་ཤིག་མེད་པ་དང་། ཉེན་རྟོག་པས་རྒྱུན་པར་ཁྱིམ་ཚང་གི་འཚེ་བ་དེ་“ནང་མིའི་གནད་དོན་”དུ་བརྩིས་ནས་རོགས་རམ་དང་ཐེ་བྱུས་བྱེད་ཀྱི་མེད།
བུ་མོ་སྤུན་གསུམ་གྱི་ཨ་མས་ཀྱང་སྔོན་ཆད་ཁོའི་ས་ནས་རྒྱག་རྡུང་དང་མནར་གཅོད་མྱངས་ཏེ་ཉེན་རྟོག་པའི་སར་འགྲོ་མྱོང་བ་མ་ཟད། ཁོ་ཚོའི་ཁྱིམ་མཚེས་རྣམས་ཀྱང་ཁོའི་བྱ་སྤྱོད་ལ་འཇིགས་ནས་ཉེན་རྟོག་པའི་སར་ཕྱིན་མོད། འོན་ཀྱང་ཉེན་རྟོག་པས་ཁོ་ཚོའི་རེ་སྐུལ་ལྟར་ལས་དོན་བསྒྲུབས་པའི་དཔང་རྟགས་གང་ཡང་མེད།
དམར་གསོད་ཀྱི་དོན་རྐྱེན་བྱུང་བའི་སྐབས། བུ་མོ་སྤུན་གསུམ་གྱི་ཨ་མ་ཁོ་ཚོ་དང་ལྷན་དུ་མེད། ཨ་ཕས་ཁོ་གསུམ་ལ་ཨ་མར་འབྲེལ་གཏུག་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད། སེམས་ཁམས་ཞིབ་འཇུག་བྱས་པ་ལྟར་ན། བུ་མོ་སྤུན་གསུམ་ཁེར་རྐྱང་གི་ན་ཟུག་ཁྲོད་གནས་པ་དང་། སེམས་ལ་ཕོག་ཐུག་ཆེན་པོ་ཕྱིན་ཡོད།
བརྟག་དཔྱད་ཞིབ་སྤྱོད་ཀྱི་སྐབས་སུ་ཅི་ཞིག་བྱུང་ཡོད་དམ།
བུ་མོ་སྤུན་གསུམ་གྱི་གྱོད་དོན་ཐག་གཅོད་དེ་ག་ལེར་འབྱུང་བཞིན་ཡོད། ད་ལྟ་ཁོ་ཚོ་གསུམ་བཙོན་འཇུག་བྱས་མེད་ཀྱང་། ཁོ་ཚོས་ཕན་ཚུན་དང་གསར་འགོད་པར་སྐད་ཆ་བཤད་མི་ཆོག
ཁྲིམས་གཏུག་བྱེད་མཁན་ཚོས་ཁ་ཆ་རན་དམར་གསོད་བཏང་བ་དེ་སྔོན་ནས་འཆར་གཞི་བསྒྲིགས་པའི་མི་གསོད་ཀྱི་ནག་ཉེསཤིག་ཡིན་ཚུལ་བརྗོད་པ་དང་། དེའི་རྒྱུ་མཚན་ལ་བུ་མོ་སྤུན་གསུམ་གྱིས་ཉིན་དེའི་ཞོགས་པ་ནས་གྲི་ཁྱེར་ནས་འཆར་གཞི་བསྒྲིགས་ཤིང་། ཕ་གཉིད་ཁུག་པའི་སྐབས་དང་བསྟུན་ནས་བསད་པ་ཡིན་པས་དགྲ་ཤ་ལེན་པའི་ཀུན་སློང་རང་ཡིན་ཚུལ་དྲངས་ཡོད། གལ་སྲིད་ཁོ་ཚོ་གསུམ་ལ་ཉེས་པ་དེའི་འོག་ནས་ཁྲིམས་ཐག་བཅད་པ་ཡིན་ན། ལོ་༢༠ ཙམ་བཙོན་འཇུག་ཕོག་ངེས།
ཡིན་ན་ཡང་། བུ་མོ་སྤུན་གསུམ་གྱི་ཁྲིམས་རྩོད་པས་མི་གསོད་དོན་རྐྱེན་དེ་ནི་དོན་དངོས་ཐོག་རང་སྲུང་ཆེད་བྱུང་བ་ཡིན་པ་བརྗོད་ཀྱི་ཡོད་ལ། ར་ཤིའི་ཡའི་ཉེས་ཁྲིམས་ནང་། འཕྲལ་མ་ཉིད་ཀྱི་དྲག་སྤྱོད་ལས་རང་སྲུང་བྱེད་ཆོག་པ་མ་ཟད། རྒྱུན་རིང་སྡུག་སྦྱོང་མནར་སྤྱོད་ཀྱི་གནས་སྟངས་ལས་ཀྱང་རང་སྲུང་བྱེད་པའི་ཁྲིམས་ཡོད། དེར་བརྟེན་བུ་མོ་གསུམ་གྱི་ཁྲིམས་རྩོད་པས་ཁོ་ཚོ་གསུམ་ནི་ཡུན་རིང་གི་མནར་གཅོད་ཕོག་ཡུལ་ཡིན་སྟབས། ཉེས་པ་མེད་པར་གློད་གྲོལ་དགོས་པའི་རེ་ཞུ་བྱེད་ཀྱི་ཡོད། དེ་བཞིན་ཨ་ཕས་བུ་མོ་གསུམ་ལ་༢༠༡༤ ཙམ་ནས་སྡུག་པོ་བཏང་བའི་དཔང་རྟགས་ཡོད་པས། གྱོད་དོན་དེ་ཞི་བའི་རེ་བ་ཆེན་པོ་ཡོད།
ད་ལྟ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པས་གཙོས་པའི་ར་ཤི་ཡའི་མི་མང་འབོར་ཆེན་ཞིག་གིས་རྒྱལ་ཁབ་ཀྱི་ཁྲིམས་ལ་འགྱུར་བ་བཏང་ནས་ཁྱིམ་ཚང་གི་འཚེ་བ་མེད་པ་བཟོ་དགོས་པའི་མངོན་འདོད་འདོན་གྱི་ཡོད།
ར་ཤི་ཡའི་ནང་ཁྱིམ་ཚང་གི་འཚེ་བའི་ཁྱབ་རྒྱ་ཇི་ཙམ་ཡོད་དམ།
ར་ཤི་ཡའི་ནང་བུད་མེད་ག་ཚོད་ཅིག་གིས་ཁྱིམ་ཚང་གི་འཚེ་བ་མྱོང་གི་ཡོད་པའི་གྲངས་ཐོ་ཏག་ཏག་ཅིག་མེད་པར་ཚོད་དཔག་ཡིན་ཡང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོས་བརྗོད་པ་ལྟར་ན། ཁྱིམ་ཚང་བཞི་རེའི་ནང་ནས་སྡུག་སྦྱོང་མནར་གཅོད་མྱོང་མཁན་གྱི་བུད་མེད་རེ་རེ་ཡོད་ལ། ཉམས་ཞིབ་པ་འགའ་ཤས་ཀྱིས་ར་ཤི་ཡ་རུ་མི་གསོད་ཀྱི་ཉེས་པའི་འོག་བཙོན་ཁང་དུ་བཅུག་པའི་བུད་མེད་བརྒྱ་ཆ་༨༠ ཙམ་རང་སྲུང་ཆེད་སོ་སོའི་སྐྱེས་པ་བསད་པས་ཡིན་སྐོར་བརྗོད་ཀྱི་ཡོད།
སྲོལ་རྒྱུན་གྱི་ལྟ་བ་མཁྲེགས་འཛིན་བྱེད་མཁན་གྱི་ར་ཤི་ཡའི་མི་མང་ཁྲོད། བུ་མོ་སྤུན་གསུམ་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་ཡོད་པ་མ་ཟད། ཚོགས་པ་བཙུགས་ནས་བུ་མོ་གསུམ་བཙོན་ནས་གློད་གྲོལ་གཏོང་མི་ཆོག་པའི་ལས་འགུལ་ཡང་སྤེལ་བ་ཡོད་པ་རེད། །