རང་ཉིད་རྒྱ་རིགས་སུ་ངོས་འཛིན་བྱེད་མཁན་ཐའེ་ཝན་པ་ཞིག་གིས་ཐའེ་ཝན་ཆོས་ཚོགས་སུ་མེ་མདའ་བརྒྱབ་འདུག
རང་ཉིད་ཐའེ་ཝན་དུ་སྐྱེས་ཀྱང་རྒྱ་རིགས་ཡིན་པའི་ལྟ་བ་ཤུགས་ཆེན་འཛིན་མཁན་ཞིག་གིས། ཨ་རིར་ཤུགས་རྐྱེན་ལྡན་པའི་ཐའེ་ཝན་གྱི་ཡེ་ཤུ་ཆོས་ཚོགས་ཤིག་ཡོད་པ་དེའི་ནང་མེ་མདའ་བརྒྱབ་ནས་མི་གཅིག་བསད་ཁར། གཞན་ཁག་ཅིག་ལ་རྨས་སྐྱོན་བཟོས་འདུག་པས། གནད་དོན་དེ་ཨ་རིའི་གཞུང་གིས་མི་རིགས་གཞན་ཞིག་ལ་འཁོན་འཛིན་གྱི་ནག་ཉེས་ལ་ངོས་འཛིན་བྱས་འདུག
རང་ཉིད་ཐའེ་ཝན་དུ་སྐྱེས་ཀྱང་རྒྱ་རིགས་ཡིན་པའི་ལྟ་བ་ཤུགས་ཆེན་འཛིན་མཁན་ཞིག་གིས། ཨ་རིར་ཤུགས་རྐྱེན་ལྡན་པའི་ཐའེ་ཝན་གྱི་ཡེ་ཤུ་ཆོས་ཚོགས་ཤིག་ཡོད་པ་དེའི་ནང་མེ་མདའ་བརྒྱབ་ནས་མི་གཅིག་བསད་ཁར། གཞན་ཁག་ཅིག་ལ་རྨས་སྐྱོན་བཟོས་འདུག་པས། གནད་དོན་དེ་ཨ་རིའི་གཞུང་གིས་མི་རིགས་གཞན་ཞིག་ལ་འཁོན་འཛིན་གྱི་ནག་ཉེས་ལ་ངོས་འཛིན་བྱས་འདུག
ཟླ་༥ པའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༥ རེས་གཟའ་ཉི་མ་ཉིན་ཨ་རིའི་ཁཱེ་ལི་ཧྥོ་ནི་ཡ་མངའ་སྡེའི་ནང་དུ། ཐའེ་ཝན་མི་རིགས་ཀྱི་ཡེ་ཤུའི་ཆོས་ཚོགས་ཤིག་གི་ལྷ་ཁང་དུ། དད་ལྡན་པ་རྣམས་འཛོམས་བཞིན་པའི་སྐབས་སུ་ཨ་རིའི་མི་སེར་ཡིན་པའི་ཐའེ་ཝན་མི་རིགས་ཤིག་གིས། མེ་མདའ་གང་བྱུང་བརྒྱབ་ནས་དྲག་རྒོལ་བྱས་འདུག་པ་དང་། སྐབས་དེར་མི་ཞིག་གིས་དྲག་སྤྱོད་པ་དེ་ས་ལ་མནན་ཐུབ་ནས། མི་གཞན་ཁག་ཅིག་གིས་དྲག་སྤྱོད་པ་དེ་འཛིན་བཟུང་ཐུབ་ཡོད་འདུག འོན་ཀྱང་ས་ལ་མནན་མཁན་དེར་མེ་མདའ་ཕོག་ནས་རང་སྲོག་ཤོར་འདུག་པ་དང་། མི་གཞན་༥ ལ་རྨས་སྐྱོན་བཟོས་འདུག
སྤྱིར་བཏང་ཨ་རིའི་ནང་མང་ཚོགས་དཀྱིལ་དུ་མེ་མདའ་གང་བྱུང་རྒྱག་མཁན་ཕལ་ཆེ་བ་མི་རིགས་དཀར་པོ་ཡིན་ཡང་། ཐེངས་འདིར་དྲག་སྤྱོད་དེ་འདྲ་སྤེལ་མཁན་ནི་ཨེ་ཤི་ཡའི་མི་རིགས་ཤིག་ཡིན་ཁར། ཐའེ་ཝན་དུ་སྐྱེས་མཁན་ཞིག་ཡིན་འདུག
རྗེས་སུ་ཉེན་རྟོག་པའི་སྐད་ཆ་དང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། དྲག་སྤྱོད་པ་དེ་ནི་ཐའེ་ཝན་དུ་ཕྱི་ལོ་༡༩༥༠ ང་གྲངས་ནང་སྐྱེས་ནས་ཕྱིས་སུ་ཨ་རིར་གནས་སྤོས་བྱས་པ་ཞིག་ཡིན་འདུག ཁོས་རང་ཉིད་རྒྱ་རིགས་ཤིག་ལ་ངོས་འཛིན་བྱེད་པ་ལས། ཐའེ་ཝན་མི་རིགས་ཤིག་ལ་ངོས་འཛིན་བྱེད་ཀྱི་མེད་འདུག དེ་ཡང་ཕྱི་ལོ་༡༩༨༠ དང་༩༠ ཡི་ནང་དུ་མང་ཚོགས་ནང་ཐའེ་ཝན་མི་རིགས་ཞེས་རྒྱ་རིགས་ནས་ཟུར་དུ་ཐོན་ནས་ངོ་བོ་ལོག་ཁ་ཞིག་འཛིན་རྒྱུ་འགོ་བཙུགས་ཡོད་པས། དེའི་སྔོན་དུ་ཐའེ་ཝན་ནས་ཐོན་ཟིན་པའི་རྒྱ་རིགས་མང་པོ་ཞིག་གིས་རང་ཉིད་རྒྱ་རིགས་ལས་ཐའེ་ཝན་མི་རིགས་ལ་ངོས་འཛིན་བྱེད་ཀྱི་མེད་པས། ཐེངས་འདིའི་དྲག་སྤྱོད་པ་དེས་ཀྱང་རང་ཉིད་རྒྱ་རིགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཁར། ཐའེ་ཝན་དང་རྒྱ་ནག་བར་གྱི་འགལ་ཟླ་དང་འབྲེལ་ནས་ཐའེ་ཝན་མི་མང་དང་རྒྱལ་ཁབ་ལ་འཁོན་འཛིན་ཆེན་པོ་བྱེད་མཁན་ཞིག་ཡིན་འདུག
དྲག་སྤྱོད་ཀྱི་གནད་དོན་དེར་ཐའེ་ཝན་ནང་དུ་གནས་སྡོད་བྱེད་མཁན་མི་མང་ཚོ་ཧང་སངས་དགོས་པ་བཟོས་འདུག་པ་དང་། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝན་གྱིས་འདས་པོ་ཁོང་གི་ནང་མིར་ཐུགས་གསོ་དང་། རྨས་སྐྱོན་འཕོག་མཁན་རྣམས་གང་མགྱོགས་དྲག་སྐྱེད་བྱུང་བའི་རེ་སྨོན་བྱས་ཏེ། འཚེ་བ་ནི་ནམ་ཡང་ཐབས་ལམ་ཞིག་མིན་སྐོར་བརྗོད་འདུག དྲག་སྤྱོད་དེར་ཐའེ་ཝན་གྱི་སྲིད་དོན་ཚོགས་པ་ཆེ་ཤོས་མང་གཙོ་ཡར་ཐོན་ཚོགས་པ་དང་། གོ་མིན་ཏང་ཚོགས་པ་གཉིས་ཀས་སྐྱོན་བརྗོད་བྱས་འདུག
དྲག་རྒོལ་བྱེད་ཡུལ་གྱི་ཆོས་ཚོགས་དེ་ནི་ཕྱི་རྒྱལ་དུ་ཡོད་པའི་ཐའེ་ཝན་མང་ཚོགས་དང་། དེ་བཞིན་ཐའེ་ཝན་དུ་གནས་སྡོད་མང་ཚོགས་དང་འབྲེལ་བ་ཤུགས་ཆེན་ཡོད་མཁན་ཞིག་ཡིན་ཁར། ཐའེ་ཝན་གྱི་རང་བཙན་དང་མང་གཙོར་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཡིན་སྐོར་འདུག
སྤྱིར་བཏང་ཐའེ་ཝན་ནང་དུ་རྒྱ་ནག་སྐམ་ས་ཆེན་མོར་རྒྱབ་སྐྱོར་དང་ཐའེ་ཝན་གཞུང་ལ་སྐྱོན་བརྗོད་དང་། སྤྱི་ཚོགས་དཀྲུག་ཐབས་བྱེད་མཁན་གསང་མྱུལ་བ་ཡིན་ནའང་འདྲ། རང་ཉིད་རྒྱ་རིགས་ལ་ངོས་འཛིན་བྱེད་མཁན་མི་ཉུང་བ་ཡོད་འདུག་ཀྱང་། ཁོ་ཚོས་ལས་དོན་ཕལ་ཆེ་བ་དྲ་ཐོག་ནས་སྤེལ་གྱི་ཡོད་འདུག འོན་ཀྱང་ཨ་རིའི་ནང་མེ་མདའ་སོགས་མཚོན་ཆ་ཉོ་ཚོང་ལས་སླ་པོ་ཡིན་པས། ཐེངས་འདིར་དྲག་རྒོལ་གྱི་གནད་དོན་ལྷག་པ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།