རང་བཙན་སླར་གསོ་མ་ཐུབ་བར་བོད་ཀྱི་གཞོན་ལྷན་གྱིས་བཙན་རྒོལ་རྒྱལ་སྐྱོབ་མཚམས་འཇོག་རྒྱུ་མིན་སྐོར་གསུངས་སོང་།

“རང་བཙན་ཟེར་བའི་ཚིག་དེས་མི་མང་པོར་ནུས་པ་སྤྲོད་ཐུབ་པ་དང་། རང་བཙན་རྩོད་པ་ནི་དུས་ནམ་ཡང་ནོར་ཡོད་པ་མ་རེད་ལ། མང་གཙོའི་སྤྱི་ཚོགས་ནང་མི་ཚང་མར་བཤད་རྒྱུ་དང་ཉན་རྒྱུའི་ཐོབ་ཐང་ཡོད་རེད། བོད་ཀྱི་འཐབ་རྩོད་དེ་རང་བཙན་གཙང་མ་མ་རག་བར་དུ་རྩོད་རྒྱུ་རེད་ལ། ཁྱེད་ཚོ་ཚང་མས་འཚེ་མེད་ཞི་བའི་ཐོག་ནས་འཐབ་རྩོད་ཀྱི་མདུན་བསྐྱོད་བྱེད་ཐུབ་པའི་རེ་བ་ཡོད་”ཅེས་བོད་དོན་རྒྱབ་སྐྱོར་བ་ ལྡི་ལི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ཨལ་ཀ་ལེམ་པ་ཡིས་གསུངས་སོང་།

“རང་བཙན་ཟེར་བའི་ཚིག་དེས་མི་མང་པོར་ནུས་པ་སྤྲོད་ཐུབ་པ་དང་། རང་བཙན་རྩོད་པ་ནི་དུས་ནམ་ཡང་ནོར་ཡོད་པ་མ་རེད་ལ། མང་གཙོའི་སྤྱི་ཚོགས་ནང་མི་ཚང་མར་བཤད་རྒྱུ་དང་ཉན་རྒྱུའི་ཐོབ་ཐང་ཡོད་རེད། བོད་ཀྱི་འཐབ་རྩོད་དེ་རང་བཙན་གཙང་མ་མ་རག་བར་དུ་རྩོད་རྒྱུ་རེད་ལ། ཁྱེད་ཚོ་ཚང་མས་འཚེ་མེད་ཞི་བའི་ཐོག་ནས་འཐབ་རྩོད་ཀྱི་མདུན་བསྐྱོད་བྱེད་ཐུབ་པའི་རེ་བ་ཡོད་”ཅེས་བོད་དོན་རྒྱབ་སྐྱོར་བ་ ལྡི་ལི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ཨལ་ཀ་ལེམ་པ་ཡིས་གསུངས་སོང་།

ཟླ་འདིིའི་ཚེེས་༡༠ ཉིན་ཏེ། བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༠ པའི་དུས་དྲན་སྲུང་བརྩིའི་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ལྡི་ལི་རཱམ་ནེ་ལཱ་ས་གནས་ནས་གོམ་བགྲོད་འགོ་འཛུགས་ཀྱིས་ཇཱ་ཏར་མ་ཏར་བར་དུ་བསྐྱོད་སྐབས། རླངས་འཁོར་ཆུང་ཆུང་ཞིག་གི་ཐོག་༧གོང་ས་མཆོག་གི་སྐུ་པར་དང་རྒྱ་གར་དང་བོད་ཀྱི་རྒྱལ་དར་འཕྱར་ནས་སྣེ་ཁྲིད་པ་དང་། རྒྱ་གར་ཉེན་རྟོག་པ་དང་དམག་མིའི་ལྟ་སྲུང་འོག གཞུང་ལམ་ཐོག་རླངས་འཁོར་རིགས་ཚང་མ་བཀག་ནས། རྒྱ་གར་དང་བལ་ཡུལ་ནས་ཆེད་དུ་གོམ་བགྲོད་ལ་ཡོང་བའི་གཞོན་ལྷན་གྱི་ཚོགས་མི་རྣམས་དང་། ལྡི་ལིར་གནས་སྡོད་བོད་མི་དང་མཐོ་སློབ་ཁག་གི་བོད་མི་སློབ་མ། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་བཅས་རྒན་གཞོན་དར་གསུམ་མཉམ་ཞུགས་བྱས་ཡོད་པ་རེད།

ཇཱན་ཏར་མ་ཏར་དུ་དུས་དྲན་སྲུང་བརྩིའི་མཛད་སྒོ་འཚོགས་པ་དང་། དེར་སྐུ་མགྲོན་གཙོ་བོ་བོད་ཀྱི་གཞོན་ལྷན་གྱི་དབུས་རྒྱུན་ཟུར་པ་དང་བཀའ་ཟུར་རྒྱ་རི་སྒྲོལ་མ། ལྡི་ལི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ཨལ་ཀ་ལེམ་པ་(Alka Lamba) Shri. Bashishtha Narain Singh, MP, JDM  Smt. Charu Pragya, CoIncharge of BJYM  Shri. Pankaj Goyal, GenSec. Bharat Tibbat Sahyog Manch (BTSM)  གསར་འགོད་པ་ཟུར་པ་དང་རྩོམ་པ་པོ་ཝེ་ཇི་གྷན་ཏི་(Vijay Kranti)  ཨ་རི་ན་ཅལ་ཆོས་རིག་འཛིན་སྐྱོང་གི་འགན་འཛིན་འཇམ་དཔལ་དབང་འདུས། ཧི་མ་ལ་ཡ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བླ་མ་ཆོས་འཕེལ་བཟོད་པ་བཅས་ཀྱིས་གཏམ་བཤད་གནང་ཡོད་པ་རེད།

གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་གཏམ་བཤད་གནང་བ་དང་། གཞོན་ལྷན་གྱིས་སྤེལ་བའི་གཏམ་བཤད་ནང་། “རྒྱ་ནག་གིས་བོད་དབང་བསྒྱར་ལ་མི་མང་གིས་ངོ་རྒོལ་བྱས་ཏེ། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕར་རྒྱུག་ཤིས་ཅེས་པའི་ལོ་རྒྱུས་རང་བཞིན་ཅན་གྱི་འབོད་སྒྲ་གསུམ་ལ་བརྟེན་ནས་བོད་ཀྱི་ས་གནས་གང་སར་དྲག་གནོན་དམར་གསོད་དང་། བཙོན་འཇུག་བྱས་ཏེ་བོད་མི་སྟོང་ཕྲག་བརྒལ་བའི་ཚེ་སྲོག་ཤོར་བ་སོགས་བོད་ཀྱི་ལོ་རྒྱུས་ནང་ནམ་ཡང་བརྗེད་ཐབས་མེད་པའི་སྐྱོ་གར་གྱི་ལོ་རྒྱུས་ཤིག་བྱུང་ཡོད་”ཅེས་དང་། “ཕྱི་ལོ་༡༩༥༩ ལོར་བོད་ནང་གསུམ་བཅུའི་སྒེར་ལངས་ཆེན་མོ་ཐོག་མར་བྱུང་བ་ནས་དེ་རིང་བར་དུ་ལོ་ངོ་༦༠ ལྷག་གི་རིང་རྒྱ་དམར་གྱི་དབང་བསྒྱུར་དང་བཙན་གནོན་འོག་ད་བར་བོད་མི་ས་ཡ་གཅིག་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། བོད་ཕྱི་ནང་གཉིས་སུ་བོད་མི་༡༦༠ ལྷག་གིས་རང་ལུས་མེར་སྲེག་བཏང་ཡོད་སྟབས། བོད་མི་དེ་དག་གི་ཚེ་སྲོག་དང་འབྱུང་བཞིན་པའི་བོད་མི་རྣམས་ཀྱི་ངོ་རྒོལ་གྱི་ལས་འགུལ་དེ་དག་གི་བྱུང་རྐྱེན་དང་འགན་ཁུར་ཡོངས་རྫོགས་རྒྱ་ནག་སྲིད་གཞུང་གིས་འཁྱེར་དགོས་་དེ་རིང་གོ་སྐབས་འདི་བརྒྱུད་ནས་རྒྱ་དམར་སྲིད་གཞུང་ལ་ནན་བརྗོད་བྱ་རྒྱུ་ཡིན་ལ། རྒྱ་གཞུང་གིས་བཤད་བཞིན་པའི་བོད་མི་ཞི་བའི་བཅིངས་གྲོལ་ཞེས་པ་རྫུན་གཏམ་ཞིག་ཡིན་པ་རྒྱལ་སྤྱིའི་མི་མང་ལ་དྲན་སྐུལ་ནན་བརྗོད་ཞུ་རྒྱུ་ཡིན་”ཞེས་འཁོད་ཡོད་པ་རེད།

གཏམ་བཤད་ནང་གཞོན་ལྷན་གྱི་ལས་དོན་བྱེད་ཕྱོགས་དང་བོད་ཀྱི་མ་འོངས་སྐོར་འཁོད་དོན། “བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བཞིན་གཙོ་བོར་བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་གསར་འཛུགས་ཞུས་པ་ཞིག་ཡིན་པས། བོད་རྒྱལ་ཁབ་ཀྱི་བདག་དབང་དང་བོད་མི་རིགས་ཀྱི་རང་བཙན་སླར་གསོ་མ་ཐུབ་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ངོས་ནས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་སྤེལ་མཚམས་ནམ་ཡང་འཇོག་མི་སྲིད་པ་དེ་རིང་གོ་སྐབས་འདི་བརྒྱུད་ནས་རྒྱ་དམར་སྲིད་གཞུང་ལ་ནན་བརྗོད་བྱ་རྒྱུ་དང་། དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་གི་ངོས་ནས་ཀྱང་རྒྱ་དམར་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་ཚབས་ཆེན་གཏོང་བཞིན་པར་འགན་ཁུར་ལེན་དགོས་པ་མ་ཟད། འཛམ་གླིང་གི་ཡང་རྩེར་གནས་པའི་བོད་རྒྱལ་ཁབ་ལ་རྒྱ་དམར་གྱིས་བཙན་འཛུལ་དང་ཧམ་བཟུང་བྱས་པའི་དོན་དངོས་ཁས་ལེན་དགོས་པའི་འབོད་སྐུལ་ཤུགས་ཆེར་ཞུ་རྒྱུ་ཡིན་”ཞེས་འཁོད་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་ལྡི་ལི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ཨལ་ཀ་ལེམ་པས་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གཏམ་བཤད་གནང་སྐབས། ལྡི་ལིར་གནས་སྡོད་བོད་མི་ཚོ་མོའི་ཁྱབ་ཁོངས་འོག་ཡོད་པ་དང་། བོད་མིའི་འཐབ་རྩོད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་རྒྱུ་བྱང་བ་དང་བོད་མི་འཐབ་རྩོད་པ་དཔའ་བོ་དཔའ་མོ་ཚོའི་གནས་ཚུལ་གོ་བར་དགའ་སྤོབས་དང་བཅས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ། རྒྱ་གར་ནི་གྷན་དྷི་རྗེ་ཡིས་སྣེ་ཁྲིད་པའི་འཚེ་མེད་ཞི་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་མི་ཚོས་འཚེ་མེད་ཞི་བའི་ཐོག་ནས་བདེན་པའི་འཐབ་རྩོད་བྱས་པར་རྒྱབ་སྐྱོར་དང་ཁོང་ག་དུས་ཡིན་ནའང་། འཚེ་མེད་ཞི་བའི་ཕྱོགས་སུ་ལངས་ཡོད་སྐོར་དང་། “རང་བཙན་ཟེར་བའི་ཚིག་དེས་མི་མང་པོར་ནུས་པ་སྤྲོད་ཐུབ་པ་དང་། རང་བཙན་རྩོད་པ་ནི་དུས་ནམ་ཡང་ནོར་ཡོད་པ་མ་རེད་ལ། མང་གཙོའི་སྤྱི་ཚོགས་ནང་མི་ཚང་མར་བཤད་རྒྱུ་དང་ཉན་རྒྱུའི་ཐོབ་ཐང་ཡོད་རེད། ཁྱེད་རང་ཚོའི་ལོ་དྲུག་ཅུའི་རིང་འཐབ་རྩོད་ཀྱི་སྡིངས་ཆ་ཞིག་བསྐྲུན་ཐུབ་པ་དང་། དེ་རིང་གི་ལས་འགུལ་དེ་རྒྱལ་སྤྱིའི་ནང་ཁྱབ་ཀྱི་རེད། བོད་ཀྱི་འཐབ་རྩོད་དེ་རང་བཙན་གཙང་མ་མ་རག་བར་དུ་རྩོད་རྒྱུ་རེད་ལ། ཁྱེད་ཚོ་ཚང་མས་འཚེ་མེད་ཞི་བའི་ཐོག་ནས་འཐབ་རྩོད་ཀྱི་མདུན་བསྐྱོད་བྱེད་ཐུབ་པའི་རེ་བ་ཡོད་”ཅེས་གསུངས་སོང་།

བཀའ་ཟུར་རྒྱ་རི་སྒྲོལ་མས་གསུང་བཤད་གནང་སྐབས། ༧སྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་ནས་སྐྱབས་བཅོལ་དུ་ཡོང་དགོས་དོན་རྒྱལ་ཁབ་ཤོར་ནས། རྩ་དོན་འཐབ་རྩོད་ཆེད་དུ་ཡོང་བ་ཡིན་སྐོར་དང་། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་བཞིན་བོད་ཀྱི་ནུས་པ་གཅིག་ཏུ་སྤུངས་ཐུབ་ན། ༧སྐྱབས་མགོན་རིན་པོ་ཆེར་བརྟན་བཞུགས་ཡག་ཤོས་དེ་རེད། ང་ཚོས་ལས་ཀ་ག་རེ་བྱས་ནའང་འཐབ་རྩོད་ལས་འགུལ་དེ་ཕྱི་ལ་མཐོང་ཐུབ་པ་ཞིག་དགོས་སྐོར་དང་། རྒྱ་གར་བཀའ་དྲིན་ཆེན་པོ་ཡིན་པ་དང་། བོད་ནང་གི་བོད་མིའི་སྙིང་སྟོབས་ལ་བསྔགས་བརྗོད་གནང་ཡོད་པ་རེད།

དེ་བཞིན་རྒྱ་གར་ཀྱི་སྐུ་མགྲོན་རྣམས་ཀྱིས་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པ་དང་། བོད་དོན་འཐབ་རྩོད་དགོས་སྐོར། རྒྱ་གར་དང་བོད་ཀྱི་ས་མཚམས་ཡོད་པ་ལས་རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཟེར་བ་ཞིག་མེད་སྐོར། ༧གོང་ས་མཆོག་གི་ལམ་སྟོན་འོག་འཚེ་མེད་ཞི་བའི་འཐབ་རྩོད་གལ་ཆེ་སྐོར་དང་། ༧གོང་ས་མཆོག་རྒྱ་གར་ལ་ཡང་བཀའ་དྲིན་ཆེན་པོ་ཡིན་སྐོར། རྒྱ་གར་གྱིས་བོད་དོན་རྒྱབ་སྐྱོར་དགོས་སྐོར་སོགས་གསུངས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་ལྡི་ལི་ནས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།