རང་སྲེག་ངོ་རྒོལ་བ་ཞིག་གི་སྤུན་ཉེ་རྒྱ་གཞུང་གིས་འཇུ་བཟུང་།
ཕྱི་ཟླ་༥ ཚེས་༡༧ ཉིན་སངས་རྒྱས་མཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་རྗེས། ཕྱི་ཟླ་༥ ཚེས་༢༨ ཉིན་ཁོང་མོའི་སྤུན་ཉེ་གྲྭ་བསྟན་འཛིན་བཟོད་པ་རྒྱ་གཞུང་གིས་གློ་བུར་འཇུ་བཟུང་ བཙན་འཁྲིད་བྱས་པའི་གནས་ཚུལ་འདུག
ཕྱི་ཟླ་༥ ཚེས་༡༧ ཉིན་སངས་རྒྱས་མཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་རྗེས། ཕྱི་ཟླ་༥ ཚེས་༢༨ ཉིན་ཁོང་མོའི་སྤུན་ཉེ་གྲྭ་བསྟན་འཛིན་བཟོད་པ་རྒྱ་གཞུང་གིས་གློ་བུར་འཇུ་བཟུང་ བཙན་འཁྲིད་བྱས་པའི་གནས་ཚུལ་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གྲྭ་བསྟན་འཛིན་བཟོད་པ་ནི། ཕྱི་ཚེས་༢༧ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་སངས་རྒྱས་མཚོའི་མིང་པོ་ཞིག་གི་བུ་ཡིན་འདུག ཁོང་འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་ད་ལྟའི་གནས་སྟངས་གསལ་བོ་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་། ས་གནས་མང་ཚོགས་ཀྱིས་དེ་ནི་རྒྱ་གཞུང་གིས་སངས་རྒྱས་མཚོའི་རང་ལུས་མེར་སྲེག་ལ་ཁ་གཡར་ཏེ་འཇུ་བཟུང་བྱས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
ལྟེ་གནས་ཁང་དེས་གནས་ཚུལ་སྤེལ་བ་ལྟར་ན། སངས་རྒྱས་མཚོས་རང་ལུས་མེར་སྲེག་སྐབས་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་གཅིག་དང་སྤོས་ཆག་པ་གཅིག་ཁྱེར་ཏེ། རང་སྲེག་གཏོང་ཡུལ་རྒྱ་གཞུང་ལས་ཁུངས་ཀྱི་སྒོ་འགྲམ་དུ་བཤམ་སྟེ། དེའི་འོག་ཏུ་༼༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས།༽ཞེས་བྲིས་ཡོད་འདུག དེར་མ་ཟད། གཞན་པའི་ཡི་གེ་ཁག་ཅིག་ཀྱང་བྲིས་ཡོད་མོད། ས་གནས་མང་ཚོགས་ཀྱིས་ཡི་གེ་ག་རེ་བྲིས་ཡོད་མེད་གསལ་བོ་ཤེས་རྟོགས་ཐུབ་མེད་པ་རེད།
སངས་རྒྱས་མཚོའི་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་དེ་ཐོག་མར་དགོན་པར་མཆོད་མཇལ་བསྐྱོད་མཁན་ས་གནས་མང་ཚོགས་ཀྱིས་མཐོང་ཡོད་ནའང། མེར་བསྲེགས་ཐེབས་པ་ཧ་ཅང་ཚབ་ཆེ་སྟབས་མི་སུ་ཡིན་མིན་ཤེས་ཐུབ་མེད་པ་རེད། རྗེས་སུ་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་། དམག་མི་སླེབས་སྟེ་མི་མང་བཀག་འགོག་བྱས་ཡོད་འདུག
ཕྱི་ཚེས་༢༧ ཉིན་ཞོགས་པར་རྒྱ་གཞུང་གིས་སངས་རྒྱས་མཚོའི་སྐུ་ཕུང་གཙོས་གྲོང་ཁྱེར་དུ་ཁྱེར་ཡོད་པ་དང་། རྒྱ་གཞུང་ཉེན་རྟོག་དམག་མི་རྣམས་སངས་རྒྱ་མཚོའི་ཁྱིམ་དུ་སོང་ནས། ནང་མིའི་ངོས་ནས་སངས་རྒྱས་མཚོའི་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་གསང་རྒྱ་བྱས་ཏེ། ཁོང་མོ་ནི་སྤྱིར་བཏང་གི་གནས་ཚུལ་འོག་འདས་གྲོངས་ཕྱིན་སྐོར་བརྗོད་དགོས་པའི་ བཙན་བཀའ་བཏང་ཡོད་པ་མ་ཟད། ཉིན་དེར་ནང་མིར་འདས་མཆོད་ཀྱང་བྱེད་བཅུག་མེད་པ་རེད། རྗེས་སུ་ནང་མི་གཉིས་སྐད་བཏང་སྟེ་ཕྱི་ཚེས་ ༢༨ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༡ ཡས་མས་ཙམ་ལ་སངས་རྒྱས་མཚོའི་སྐུ་ཕུང་མེར་སྲེག་རྗེས་རུས་ཐལ་ནང་མིར་རྩིས་སྤྲོད་བྱས་ཡོད་པ་དང་། ཉིན་དེ་ནས་བཟུང་རྒྱ་གཞུང་གིས་ནང་མིའི་ངོས་ནས་ཁོ་མོར་འདས་མཆོད་སྒྲུབ་ཆོག་སྐོར་བརྗོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།
སྔོན་སོང་གནས་ཚུལ།