རང་སྲེག་རྒྱ་རྒོལ་བ་ཞི་ཆུང་གི་གནས་ཚུལ་རྒྱས་པ།

ཕྱི་ཟླ་༩ ཚེས་༢༨ ཉིན་བོད་མདོ་སྨད་རྔ་པ་རྫོང་སྒོ་མང་ཡུལ་ཚོ་ནས་རང་ལོ་ ༤༡ ཡིན་པའི་ཞི་ཆུང་གིས། རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད།

དེ་ཡང་དྷ་སར་གནས་སྡོད་ཚངས་དབྱངས་རྒྱ་མཚོས་ཁོང་ལ་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གནས་ཚུལ་ངོ་སྤྲོད་གནང་སྐོར་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་ ༩ བའི་ཚེས་ ༢༨ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༢ དང་སྐར་མ་༣༠ ཡས་མས་སུ་རྒྱལ་གཅེས་དཔའ་བོ་ཞིས་ཆུང་མཎ་སྟོན་འཚོགས་ས་ནས་རང་ཁྱིམ་དུ་ཕྱིར་ལོག་སྟེ། བོད་གོས་ཆ་ཚང་ཞིག་གྱོན་ཞིིང་། རང་ཉིད་ཀྱི་འཕྲུལ་རྟ་དེ་སྒོའི་ཕྱི་རོལ་དུ་བླངས་ཏེ་འཕྲུལ་རྟའི་ནང་གི་ས་སྣུམ་རང་གི་ལུས་སྟེང་དུ་བླུགས་ཏེ་རང་ལུས་མེར་བསྒྲོན་ནས་སྐད་འབོད་གནང་བཞིན་ (སྐད་འབོད་ཀྱི་ནང་དོན་གསལ་ཁ་བྱུང་མེད།) རྔ་པ་ནས་མགོ་ལོག་ཕྱོགས་སུ་སྐྱོད་སའི་གཞུང་ལམ་གྱི་ཕྱོགས་སུ་གོམ་པ་བཅུ་ཕྲག་ཁ་ཤས་བརྒྱུགས་ཡོད་ཅིང་། གཞུང་ལམ་སྟེང་སླེབས་གྲབས་ཡོད་སྐབས་ས་ལ་འགྱེལ་ནས་སྐུ་སྲོག་ཤོར་ཡོད་འདུག

སྐབས་དེར་སྒོ་མང་མཐའ་བའི་ནང་མཎ་སྟོན་འཚོགས་བཞིན་ཡོད་པའི་མི་མང་པོས་མཐོང་སྟེ་ཀི་ལྡིར་བྱེད་བཞིན་ཁོང་གི་སྐུ་ཕུང་བདག་གཉེར་བྱེད་པར་བརྒྱུགས་པ་དང་། ས་གནས་སུ་ཡོད་པའི་ཉེན་རྟོག་པ་སོགས་ཀྱིས་བཀག་འགོག་བྱས་ཀྱང་། ས་གནས་མང་ཚོགས་བཀག་མ་ཐུབ་པར་འདས་པོ་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུ་ཐུབ་པ་བྱུང་འདུག སྐབས་དེར་ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་རྒྱ་གཞུང་གིས་བཙན་ཁྱེར་བྱེད་པར་དོགས་ནས་སྐུ་ཕུང་ནང་དུ་བཞག་རྗེས། སྒོར་ཟ་བརྒྱབ་ནས་ཕྱི་ལོག་ནས་སྲུང་ཡོད་ཀྱང་། ཅུང་ཙམ་གྱི་རྗེས་སུ་ཉེན་རྟོག་པ་དང་། དྲག་ཆས་དམག་མི་ ༡༠༠ ལྷག་འབྱོར་ནས་མང་ཚོགས་ལ་མེ་མདའ་གཏད་དེ། ཁོང་གི་སྐུ་ཕུང་རྩིས་སྤྲོད་མ་བྱས་ཚེ་དྲག་གནོན་བྱ་རྒྱུ་ཡིན་པའི་བཙན་བཀའ་བཏང་ཡོད་འདུག མང་ཚོགས་ཚོས་ཁོང་ཚང་གི་སྒོ་ཁར་སྐྱོད་སའི་ལམ་ཁ་བཀག་སྐབས། དེར་སྡེ་པའི་མི་སྐྱ་རྒན་པ་རྣམས་ཀྱིས་གནས་ཚུལ་ཛ་དྲག་མི་ཆགས་པའི་ཆེད་དུ་མང་ཚོགས་ཚོར་འབོད་སྐུལ་ཞུས་ཏེ་ལམ་ཁ་ཕྱེས་བ་དང་། དམག་མི་དག་གིས་ཁོང་ཚང་གི་ཁང་པའི་ར་སྐོར་ཀྱི་སྒོ་དང་། ནང་སྒོ་སོགས་བཙན་གྱིས་བཅག་ནས་ཁོང་གི་ཕུང་པོ་བཙན་ཁྱེར་བྱེད་སྐབས། ཁོང་གི་ཆུང་མ་བ་ལོས་ངུ་འབོད་བྱེད་བཞིན་ཁོང་གི་སྐུ་ཕུང་ལ་འཐམ་ནས་མ་བཏང་བར། ཆུང་མ་བ་ལོ་ཡང་མཉམ་དུ་བཙན་ཁྲིད་བྱས་འདུག་མོད། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༩ ཉིན་ཕྱིར་ནང་དུ་བཏང་ཡོད་འདུག

ཁོང་གི་ཕུང་པོ་བཙན་འཁྱེར་བྱས་རྗེས་ཇོ་ནང་བསེ་དགོན་པའི་གྲྭ་བ་ཉིས་བརྒྱ་ལྷག་ཁོང་ཚང་གི་ནང་དུ་ཕེབས་ནས་ཕོ་ལུང་དང་། སྨོན་ལམ་གསུངས་ཡོད་པ་དང་། ཕྱི་ཚེས་ ༢༩ ཉིན་ཇོ་ནང་བསེ་དགོན་པའི་དགོན་བདག་བླ་མ་བསེ་ཚང་ཆེད་དུ་ཕེབས་ནས་ཕོ་ལུང་དང་། སྨོན་ལམ་གསུང་ཡོད་འདུག ཚེས་༣༠ ཉིན་ཡང་གལ་ཆེན་དུ་བརྩིས་ནས་བཞུགས་ཡོད་འདུག ཁོང་གིས་དེ་ལྟར་གལ་ཆེན་དུ་བརྩི་དགོས་དོན་ནི། རྒྱལ་གཅེས་དཔའ་བོ་ཞིས་ཆུང་ནི་ཆུང་དུས་སུ་ཇོ་ནང་བསེ་དགོན་པར་ཆོས་ཞུགས་བྱས་ཏེ་གྲྭ་པ་བྱེད་མྱོང་ཡོད་པར་མ་ཟད། ལོ་གཉིས་ཀྱི་རིང་བསེ་ཚང་གི་བླ་བྲང་དུ་གསོལ་ཐབ་པ་ཡང་བྱེད་མྱོང་ཡོད་པས་ཡིན་འདུག

ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༩ ཉིན་གྱི་དགོང་མོར་རྫོང་ནས་ཁོང་གི་རུས་ཐལ་ལེན་པར་ཡོང་དགོས་པའི་བརྡ་འབྱོར་བར་ཇོ་ནང་བསེ་དགོན་པའི་གྲྭ་པ་ཁག་ཅིག་དང་། རྒྱལ་གཅེས་དཔའ་བོ་ཁོང་གི་སྤུན་མཆེད་ཁག་ཅིག་བཅས་ཚོགས་ཐོག་ཏུ་རུས་ཐལ་ལེན་པར་སྐྱོད་སྐབས། རྫོང་གི་དཔོན་པོ་དང་། ཉེན་རྟོག་ལས་ཁུངས་ནས་ཁོ་རང་ཚོས་རིག་ས་ནས་རུས་ཐལ་ཆུ་ལ་གཏོར་བའམ། ས་འོག་ཏུ་བཅུག་པ་གང་རུང་བྱེད་དགོས་ཚུལ་ཀྱི་བཙན་བཀའ་བཏང་བར་རྟེན། རུས་ཐལ་ནང་དུ་ཁུར་མ་ཐུབ་པར་རྔ་བ་རྫོང་གི་ཉེ་འཁྲིས་སུ་བཞུར་བའི་རྔ་ཆུར་མི་འདོད་བཞིན་དུ་གཏོར་དགོས་བྱུང་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཞི་ཆུང་ནི་ཕྱི་ལོ་ ༡༩༧༢ ལོར་ཕ་བསོད་ནམས་བརྟེན་དང་། མ་ཞེས་ཁོ་མ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཆུང་དུས་སུ་ཇོ་ནང་བསེ་དགོན་པར་ཆོས་ཞུགས་བྱས་ཏེ་ཀློག་སློབ་པ་ནས་བཟུང་དགོན་པའི་སྒྲིག་ཁྲིམས་སྟར་སློབ་གཉེར་བྱས་བ་དང་། ལོ་ངོ་གཉིས་ཀྱི་རིང་བསེ་ཚང་གི་གསོལ་ཐབ་པ་ཡང་བྱས། དེ་བཞིན་དུ་ཕྱི་ལོ་ ༡༩༨༩ ལོར་ཇོ་ནང་འཛམ་ཐང་དགོན་ཆེན་དུ་ཕེབས་ཏེ་མཁན་ཆེན་ཡོན་ཏན་བཟང་པོའི་མདུན་ནས་དུས་འཁོར་སྦྱོར་དྲུག་ངོ་ལོ་གསུམ་ལ་མཉམ་ལེན་བྱས་ཤིང་། ཕྱི་ལོ་ ༢༠༠༨ ལོར་གྲྭ་ལོག་བྱས། ལོ་དེའི་ཕྱི་ལོར་ཁོང་གི་སྤུན་ཆེད་འདས་པོ་འཇའ་ཚེ་དབང་རིག་ཁོའི་ཆུང་མ་དང་མཉམ་དུ་བསྡད། སྡེ་མི་ཚོས་བཤད་པ་ལྟར་ན། ཁོང་གི་སྤུན་མཆེད་ཀྱི་ཆུང་མར་ཁྱོ་ག་གཞན་ཞིག་བཙལ་ཚེ་ཁོང་གི་སྤུན་མཆེད་ཀྱི་བུ་དང་བུ་མོ་གཉིས་དང་འགྲིག་མིན་སོགས་ལ་བསམ་བློ་བཏང་ནས་ཁོ་རང་ཉིད་ཀྱིས་ཆུང་མར་བླངས་བ་ཡིན་ཚུལ་བཤད། ཁོང་གི་ཆུང་མའི་མིང་ལ་བ་ལོ་ཟེར་ཞིང་། ད་ལྟ་རང་ལོ་ ༣༩ ཡིན་འདུག ཁོང་གི་སྤུན་མཆེད་དང་ཆུང་མ་བ་ལོ་གཉིས་ལ་བུ་མོ་ཚེ་པོ་ཞེས་པ་རང་ལོ་ ༡༨ ཅན་ཞིག་དང་། བུ་ཀུན་དགའ་ཕུན་ཚོགས་ཞེས་པ་རང་ལོ་ ༡༤ ཅན་བཅས་བུ་བུ་མོ་གཉིས་ཡོད་འདུག་ལ། བུ་ཀུན་དགའ་ཕུན་ཚོགས་དེང་སྐབས་ཇོ་ནང་བསེ་དགོན་པར་ཆོས་ཞུགས་བྱས་ཏེ་སློབ་གཉེར་བྱེད་བཞིན་ཡོད་པ་དང་། ད་ལྟ་ནང་དུ་ཆུང་མ་བ་ལོ་དང་། བུ་མོ་ཚེ་པོ་གཉིས་ལས་ལྷག་མེད་པ་རེད་འདུག

ཁོང་ཚང་ལ་རོགས་རམ་བྱེད་མཁན་སོགས་མི་ཧ་ཅང་མང་པོ་འཛོམས་ཡོད་ནའང་། དེ་རིང་སྟེ་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་ནས་བཟུང་དམ་དྲགས་ཤུགས་ཆེ་རུ་བཏང་ནས། ཁོང་ཚང་གི་ནང་ལ་འགྲོ་འདུག་བཀག་འགོག་དང་། མི་སྒེར་བ་ཁག་ལ་གང་བྱུང་སྔོག་བཤེར། དེ་བཞིན་ཁ་པར་ཡང་བཙན་འཕྲོག་བྱེད་པ་སོགས་ཀྱི་གནས་ཚུལ་མུ་མཐུད་ནས་འབྱུང་བཞིན་ཡོད་འདུག

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།