རབ་བྱུང་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་དབུ་འཛུགས་གནང་སོང་།
ཟླ་འདིའི་ཚེས་༧ ཉིན་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་དུ། གྲྭ་ཚང་དེ་ཉིད་དབུ་བརྙེས་ནས་ལོ་ཉེར་ལྔ་ལྷག་འཁོར་བ་དང་། དེ་བཞིན་མ་འོངས་པའི་བསྟན་འཛིན་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་བ་དང་། དེ་གར་༧གོང་ས་མཆོག་དབུ་བཞུགས་ཐོག ༧ཀིརྟི་རིན་པོ་ཆེ། ༧ཟམ་གདོང་རིན་པོ་ཆེ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། བགྲོ་གླེང་མཉམ་ཞུགས་པ་དང་མི་མང་སོགས་མཉམ་ཞུགས་གནང་སོང་།
དེ་ཡང་མཛད་སྒོའི་ཐོག་ཏུ་༧ཀིརྟི་རིན་པོ་ཆེ་ཡིས་རྩོམ་སྒྲིག་གནང་བའི་སྔོན་འགྲོའི་འཛིན་གྲྭ་དང་གཞི་རིམ་འཛིན་གྲྭ་དང་པོ་ནས་དགུ་པ་བར་བཅས་ཀྱི་སློབ་དེབ་བློ་གསལ་མགུལ་རྒྱན་ཞེས་བྱ་བ་དེབ་ཕྲེང་༦༩ ཅན་དབུ་འབྱེད་གནང་སོང་བ་དང་། ༧ཀིརྟི་རིན་པོ་ཆེ་མཆོག་གིས་སློབ་དེབ་ངོ་སྤྲོད་མདོར་བསྡུས་ཀྱི་དེབ་ཅུང་ནང་དུ་རྩོམ་སྒྲིག་གནང་དགོས་དོན་དུ། “བོད་ནང་དུ་ཕྲན་དང་དམིགས་བསལ་འབྲེལ་ཡོད་དགོན་སྡེ་ཁག་ཏུ་གསར་འཛུགས་བྱས་པའི་སྔོན་འགྲོའི་ནང་བསྟན་སློབ་གཉེར་ཁང་རྣམས་ཀྱི་ན་གཞོན་དགེ་འདུན་པ་རྣམས་ལོ་རེ་ བཞིན་ལུས་སེམས་གཉིས་ཀ་འཚར་ལོངས་ཡོང་བཞིན་ཡོད་ནའང་བསླབ་གཞིའི་སློབ་དེབ་ཆ་ཚང་བ་དང་གཅིག་གྱུར་ཅིག་མེད་པ། ལྷག་པར་དགེ་འདུན་པ་ན་གཞོན་ཚོའི་དགོས་མཁོ་དང་མཐུན་ཞིང་ལོ་ཚོད་དང་འཚམས་པའི་བསླབ་གཞི་ལ་རྒྱུས་མངའ་མེད་པའི་དཀའ་ངལ་དངོས་སུ་ཕྲད་པས། སློབ་དེབ་བློ་གསལ་མགུལ་རྒྱན། ཞེས་པ་སྔོན་འགྲོའི་འཛིན་གྲྭ་དང་གཞི་རིམ་འཛིན་གྲྭ་དང་པོ་ནས་དགུ་པའི་བར་གྱི་བསླབ་གཞིའི་སློབ་དེབ་རྣམས་ཕྲན་ནས་འགན་བླངས་ཏེ་རྩོམ་སྒྲིག་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ། འབྲེལ་ཡོད་སྐོར་ཞིག་གིས་སློབ་དེབ་རྩོམ་སྒྲིག་གནང་ཚེ། དགེ་འདུན་པ་ན་གཞོན་སྤྱི་ལ་དམིགས་པའི་སློབ་ དེབ་ཅིག་རྩོམ་སྒྲིག་གནང་ན་དཀའ་ལས་བརྒྱབ་པ་དེས་ཕན་ཐོགས་ཆེ་བ་ཡོད་ཚུལ་གྱི་བསམ་ཚུལ་གནང་བ་ནི་དོན་ལ་གནས་པར་མཐོང་ནས། རང་གི་འཇོན་ཚོད་དང་འཁོས་དཔག་ལ་གཞིགས་པའི་༧རྒྱལ་བསྟན་སྤྱི་ལ་ཞབས་འདེགས་ཕྲན་བུ་ཞིག་ཞུ་ཐུབ་པའི་གོ་སྐབས་ཏེ། བོད་ཕྱི་ནང་གཉིས་དང་། ཧི་མ་ལ་ཡའི་རི་རྒྱུད། ཆོས་བརྒྱུད་རིས་མེད་ཀྱི་གྲྭ་གཞོན་སློབ་གཉེར་པ་རྣམས་ཀྱི་བསླབ་གཞིར་བཞག་ཀྱང་འཇོག་རུང་བ་ཞིག་ཡོང་ཐབས་སུ་འབད་བརྩོན་བྱས་ཡོད་ལ། དུས་རབས་གསར་པའི་འགྲོས་དང་མཐུན་ཞིང་། བོད་ཀྱི་སྐད་ཡིག་གི་གནས་ཚད་མཐོན་པོ་ཅན་གྱི་སློབ་དེབ་ཚད་ལྡན་ཞིག་ཡོང་བར་རྒྱུ་ཚེགས་གཉིས་ཀྱི་འགྲོ་གྲོན་ བཏང་ནས་ལོ་མང་རིང་རྩོམ་སྒྲིག་བྱས་པ་ཡིན།”ཞེས་གསུངས་འདུག དེབ་ཕྲེང་དེ་དག་དྲ་ཐོག་ནས་ཕབ་ལེན་བྱེད་རྒྱུ་ཡོད་པ་ཡང་བཟོ་རྒྱུ་ཡིན་འདུག དེ་བཞིན་མཛད་སྒོའི་ཐོག་ཏུ་༧ཀིརྟི་རིན་པོ་ཆེས་བཙན་བྱོལ་དུ་ཀིརྟིའི་བྱེས་པ་གྲྭ་ཚང་དབུ་འཛུགས་གནང་བའི་ལོ་རྒྱུས་དང་། བགྲོ་གླེང་གོ་སྒྲིག་ཞུ་དགོས་དོན་ནི་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཡུན་གནས་ཡོང་མིན་ནི། མ་འོངས་པར་མུ་མཐུད་ནས་བསྟན་པ་འཛིན་མཁན་གྱི་དགེ་འདུན་ཕོ་མོ་མིང་དོན་མཚུངས་པ་ཞིག་སྐྱེད་སྲིང་གནང་ཐུབ་མིན་ལ་རག་ལས་པར་སོང་། རབ་བྱུང་ཕོ་མོ་གཞོན་སྐྱེས་སྐྱེད་སྲིང་གནས་སྟངས་ཕུག་རྒྱང་རིང་པོའི་འཆར་གཞི་བཀོད་པའི་ལམ་སྲོལ་ཚད་ལྡན་ཞིག་དགོས་ཀྱི་ཡོད་པས་ཡིན་པ། དེ་བཞིན་བགྲོ་གླེང་ཆེད་དུ་རྩོམ་ཡིག་འབུལ་བའི་རེ་སྐུལ་གནང་བས། རྩོམ་ཡིག་ཤིན་ཏུ་ཡག་པོ་དང་དངོས་ཡོད་ཤ་ཚ་བའི་སྐད་ཆ་ལྡན་པའི་རྩོམ་ཡིག་མང་པོ་ཞིག་འབྱོར་ཡོད་པས། དེ་དག་མ་འོངས་པར་ཆོས་རིག་ལས་ཁུངས་ཀྱིས་ཞིབ་འཇུག་གི་གཞི་རྩ་བྱས་ནའང་འགྲིག་པ་ཡོད་སྐོར་གསུངས་སོང་།
བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་ད་རབ་ཀིརྟི་གྲྭ་ཚང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྤྱི་ཚོགས་སོགས་ཀྱི་ཐོག་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པར་བསྔགས་བརྗོད་དང་སྦྲགས། ཐེངས་འདིའི་བགྲོ་གླེང་འདི་ཕྱི་མ་དྲགས་ན་སྔ་དྲགས་མེད་པའི་བགྲོ་གླེང་ལྷུག་པོ་གནང་རྒྱུའི་རེ་སྐུལ་ཞུས་སོང་།
སྲིད་སྐྱོང་བློ་བཟང་སེང་གེས་འཕགས་ཡུལ་ཀི་རྟིའི་བྱེས་པ་གྲྭ་ཚང་དབུ་འཛུགས་གནང་ནས་ལོ་ཉེར་ལྔ་འཁོར་བའི་མཚམས་འདྲི་དང་ད་བར་གྱི་ལས་དོན་རྣམས་ལ་བསྔགས་བརྗོད་དང་སྦྲགས། སྤྱིར་བོད་ནང་གི་ས་ཆ་གང་སར་ནས་བོད་ཀྱི་འཐབ་རྩོད་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་མཁན་དཔའ་བོ་ཡོད་པ་དང་། ལྷག་པར་དུ་ཨ་མདོ་རྔ་པའི་ནང་དུ་རང་ལུས་མེར་སྲེག་གནང་མཁན་གྱི་དཔའ་བོ་དཔའ་མོ་མང་ཤོས་བྱུང་ཡོད་པས། བོད་ཀྱི་འཐབ་རྩོད་ལ་སེམས་ཤུགས་དང་སྙིང་སྟོབས་ཆེན་པོ་ཡོད་པ་གསལ་པོ་ཡིན་པ། ས་གནས་དེའི་ནང་དུ་ཀིརྟི་དགོན་པ་ཆགས་ནས། བོད་ཀྱི་རྩ་དོན་ཐོག་སྐུ་ལས་བསྐྱོན་བཞིན་ཡོད་སྐོར་གསུངས་ནས། དེང་སང་རྒྱལ་སྤྱིའི་ནང་ཆོས་དད་མེད་མཁན་མང་དུ་འགྲོ་བཞིན་པའི་སྐབས་དེར། ནང་ཆོས་ཀྱི་སེམས་ཁམས་རིག་པ་དང་། ལྟ་གྲུབ་ཀྱིས་སེམས་དང་ཁོར་ཡུག སྤྱི་ཚོགས་སོགས་ལ་ཕན་ཐོགས་ཆེན་པོ་སྒྲུབ་ཐུབ་ཀྱི་ཡོད་པ། དེ་བཞིན་༧གོང་ས་མཆོག་གི་བཀའ་དགོངས་བཞིན་དུས་རབས་༢༡ པའི་ནང་པོ་གང་འདྲ་བྱེད་དགོས་མིན་ཐད་བགྲོ་གླེང་གནང་རྒྱུ་གལ་ཆེན་ཆགས་ཡོད་སྐོར་གསུངས་སོང་།
༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན་དུ། ནང་ཆོས་ཀྱིས་ཆོས་ལུགས་གཞན་དང་མི་འདྲ་བར་རྟགས་དང་རྒྱུ་མཚན་སྒྲུབ་ཀྱི་ཡོད་པས། ཆོས་དད་ཡོད་མེད་ལ་མ་ལྟོས་པར་གཞུང་ཆེན་མོ་བལྟ་རྒྱུ། ལྷག་པར་དུ་ནང་ཆོས་ཀྱི་སེམས་ཁམས་རིག་པ་དང་ཚད་མ་རིག་པ་གཉིས་ནི་ཆོས་དད་ཡོད་མེད་ལ་མ་ལྟོས་པར་ཕན་ཐོགས་ཆེན་པོ་ཡོད་པ། ནང་ཆོས་ལབ་དུས་སྨོན་ལམ་རྒྱག་ནས་སྡོད་རྒྱུ་ཞིག་མིན་པར། རིག་པ་སྒྲུབ་རྒྱུ་ཡོད་པ་ཞིག་ཡིན་པ། ནང་ཆོས་ཀྱི་ལྟ་གྲུབ་དང་ཚད་མ་རྣམས་ཤེས་ཡོན་གྱི་སྡེ་ཚན་ནང་དུ་ཡང་འགྲོ་ཡི་ཡོད་པ་སོགས། ནང་ཆོས་དེ་རྨོངས་དད་བྱས་ནས་སྡོད་རྒྱུ་ཞིག་མིན་པར། རིག་པས་སྒྲུབ་རྒྱུ་ཡོད་པ་ཞིག་ཡིན་པས། སློབ་གྲྭ་ཁག་ཏུ་རིག་ལམ་སློབ་གཉེར་བྱེད་རྒྱུ་ཡོད་པ་བཟོས་ནས་ཤེས་ཡོན་སྡེ་ཚན་ནང་དུ་བཞག་ཡོད་སྐོར་གསུངས་སོང་། དེ་བཞིན་ནང་ཆོས་དེ་སློབ་སྦྱོང་སྤྲད་ནས་ཉར་ཚགས་གནང་དགོས་པ་ཡིན་པ་དང་། ༧ཀིརྟི་རིན་པོ་ཆེ་ནས་ད་བར་ལས་དོན་དཔེ་ཡག་པོ་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།
བཀའ་བློན་ཁྲི་ཟུར་༧ཟམ་གདོང་རིན་པོ་ཆེས་བགྲོ་གླེང་དེ་ནི་དགོས་ངེས་ཤིག་ཡིན་པ་དང་། བསྟན་པ་གནས་མིན་རབ་བྱུང་ཕོ་མོ་ལ་རག་ལུས་པ། བགྲོ་གླེང་སྐབས་སུ་གསར་གཏོད་དང་གཞན་ནས་རང་ལ་ཚུར་ལེན་རྒྱུ་གང་ཡོད་མེད་བལྟ་དགོས་རྒྱུ་གལ་ཆེན་ཡིན་པ། དེ་བཞིན་༧ཀིརྟི་རིན་པོ་ཆེ་ནས་རྩོམ་སྒྲིག་གནང་བའི་སློབ་དེབ་རྣམས་ཤིན་ཏུ་ཡག་པོ་ཡོད་པ་དང་། བགྲོ་གླེང་གི་གྲོས་གཞི་རྣམས་ཀྱང་ཡག་པོ་བཞག་ཡོད་སྐོར་གསུངས་སོང་།
བགྲོ་གླེང་ཉིན་གསུམ་རིང་གྲོས་གཞི་དང་པོ་རབ་བྱུང་ཕོ་མོ་རང་ལོ་༧ ནས་༩ བར་ལྟ་བུའི་ཆེས་ན་གཞོན་ཚོའི་དམིགས་བསལ་དགེ་རྒན་གྱི་སློབ་ཁྲིད་གནང་སྟངས་ལ་དུས་བསྟུན་ལེགས་བཅོས་ཇི་ལྟར་མཛད་དགོས་པ་དང་། གྲྭ་བཙུན་ཆེས་ན་གཞོན་ཚོའི་དམིགས་བསལ་དགེ་རྒན་ལ་ངེས་པར་ཚང་དགོས་པའི་ཁྱད་ཆོས་གང་དང་གང་ཡིན། དགེ་རྒན་གྱི་སྦྱོང་བརྡར་དམིགས་བསལ་བ་ཇི་ལྟར་སྤྲོད་དགོས། ཆེས་ན་གཞོན་ཚོའི་མི་ཚེའི་འགོ་འཛུགས་འདི་རས་ཡུག་དཀར་པོར་ཚོན་དང་པོ་བསྒོ་བའི་སྐབས་ལྟ་བུའི་ཤིན་ཏུ་གལ་གནད་ཆེ་བར་ངོས་འཛིན་གྱིས། དགེ་རྒན་དུ་ཤེས་སྤྱོད་ལེགས་ཤིང་ཐབས་མཁས་པའི་དགེ་རྒན་དག་བཀོད་སྒྲིག་བྱེད་དགོས་པ་དང་། ཤེས་ཡོན་སློབ་གསོའི་ལས་གཞི་ནི་རང་གཞུང་གི་བྱ་བའི་གནས་རིམ་གྱི་དང་པོར་ངོས་འཛིན་དགོས་པ་བཅས་ཕྱི་རྒྱལ་ཡར་ཐོན་ཅན་གྱི་ལམ་ལུགས་ལྟར་འགྱུར་བ་གཏང་དགོས་མིན།གཉིས་པ་རབ་བྱུང་ཕོ་མོ་རང་ལོ་༧ ནས་༩ བར་ལྟ་བུའི་ཆེས་ན་གཞོན་ཚོའི་སྔོན་འགྲོའི་འཛིན་གྲྭའི་སྐབས་སུ་རབ་བྱུང་རྣམས་ལ་ཉེར་མཁོའི་སློབ་ཚན་དམིགས་བསལ་ཅན་སྒྲིག་སྟངས། རབ་བྱུང་ཕོ་མོ་ཆེས་ན་གཞོན་ཚོའི་བོད་ཀྱི་སྐད་ཡིག་གི་གནས་ཚད་ནི་ན་གཞོན་གཞན་གྱི་གནས་ཚད་ལས་མཐོ་བ་ཡོང་ཐབས་སུ་བློ་ཚོད་དང་བསྟུན་པའི་སྒོ་ནས་སློབ་སྦྱོང་སྤྲོད་སྟངས་ཇི་དགེའི་སྐོར། གསུམ་པ་རབ་བྱུང་ཕོ་མོ་རང་ལོ་༡༠ ནས་༡༨ བར་ལྟ་བུའི་ན་གཞོན་ཚོའི་འཛིན་གྲྭ་དང་པོ་ནས་དགུ་པའི་བར་གྱི་དགེ་རྒན་རྣམ་པའི་སློབ་ཁྲིད་གནང་སྟངས་ལ་ན་གཞོན་ཚོའི་སེམས་ཁམས་དང་མཐུན་ཞིང་དུས་རབས་དང་མཐུན་པའི་ལེགས་བཅོས་མཛད་སྟངས། རབ་བྱུང་ཕོ་མོ་ན་གཞོན་ཚོའི་འཛིན་གྲྭ་དང་པོ་ནས་དགུ་པའི་བར་གྱི་སློབ་དེབ་ནང་རབ་བྱུང་ན་གཞོན་རྣམས་ཀྱིས་ངེས་པར་བསླབ་དགོས་པའི་སློབ་གཞི་དམིགས་བསལ་ཅན་སྒྲིག་སྟངས་ཇི་དགེའི་སྐོར། བཞི་པ་རབ་བྱུང་ཕོ་མོ་ན་གཞོན་ཞིག་ཡིན་ཕྱིན་ཡ་རབས་སྤྱོད་བཟང་ལྡན་པ་དང་ལྷག་པར་ལུས་ ངག་ཡིད་གསུམ་གྱི་སྤྱོད་ལམ་དམ་ཆོས་འདུལ་བ་དང་མཐུན་ཞིང་ཉམ་ཆུང་ཚུལ་མཐུན་ཅན་གྱི་བག་ཆགས་བཟང་པོ་གཏིང་ཟབ་ཅིག་སྔོན་འགྲོའི་སློབ་སྦྱོང་གི་སྐབས་སུ་ཇི་ལྟར་བསྒོ་བའི་ཐབས་ལམ་དང་བསམ་བློའི་སློབ་གསོ་འབུལ་སྟངས། རབ་བྱུང་ཕོ་མོ་ན་གཞོན་ཚོར་འཆད་ཉན་མཛད་སྟངས་དང་ཁྲིད་གཞི་བཅས་པ་ནང་ཆོས་ཉམས་ལེན་དང་འདྲེས་ནས་ཡོད་པར་བརྟེན། འཛིན་གྲྭའི་དགེ་སློབ་གཉིས་ཀས་ཕན་ཚུན་ལྟ་སྟངས་ནི་འཇིག་རྟེན་རང་ག་བའི་མི་སྐྱ་ཕོ་མོ་དང་མི་འདྲ་བར། དགེ་རྒན་ལ་དགེ་བའི་བཤེས་གཉེན་དུ་ངོས་བཟུང་ནས་དགེ་སློབ་ཕན་ཚུན་གྱི་འབྲེལ་བའམ་ལྟ་སྟངས་མ་ནོར་བའི་ལམ་དུ་འཁྲིད་སྟངས་ཇི་དགེའི་སྐོར།ལྔ་པ་རབ་བྱུང་ཕོ་མོ་རྣམས་ཀྱི་གཞུང་ཆེན་མོའི་སློབ་སྦྱོང་ནི། སློབ་སྦྱོང་གནང་བའི་གནས་སྐབས་ཙམ་མིན་པར་མི་ཚེའི་རིང་གཞུང་ཆེན་མོར་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་གཞན་དོན་མཛད་དགོས་པ་འདི་རབ་བྱུང་ཕོ་མོ་རྣམས་ཀྱི་མི་ཚེའི་མདུན་ལམ་ཉག་ཅིག་ཡིན་པར་ངོས་ཟིན་པའི་ཐུགས་བསྐྱེད་ཀྱི་དམ་བཅའ་ལོ་རེ་བཞིན་གཏིང་ཇེ་ཟབ་དང་ཇེ་བརྟན་དུ་འགྱུར་བའི་ཐབས་ཤེས་སམ་བསམ་བློའི་སློབ་གསོ་འབུལ་སྟངས་ཇི་དགེའི་སྐོར།་གོང་གསལ་བརྗོད་གཞི་ལྔ་པོ་གང་རུང་དང་། གྲྭ་བཙུན་ན་གཞོན་གྱི་སློབ་གྲྭ་ཁག་གི་དགེ་སློབ་གཉིས་ཀར་དངོས་སུ་འཕྲད་པའི་སྐུ་ངལ་གང་ཡོད་དང་དེ་དག་སེལ་ཐབས་དང་འབྲེལ་བའི་སྐོར་བཅས་ཡིན་འདུག
ཐེངས་འདིར་རྒྱ་བལ་འབྲུལ་གསུམ་གྱི་དགོན་པ་༡༠༠ ལྷག་ནས་མཉམ་ཞུགས་པ་༡༥༠ ལྷག་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།