རཱ་ཤི་ཡའི་དཔལ་འབྱོར་ལ་གྱོང་གུད་ཚབས་ཆེན་ཐེབས་སྲིད་པར་སྔོན་འགྲོའི་ཆ་རྐྱེན་ཁ་ཤས་གྲུབ་ཟིན་འདུག
དེ་རིང་ནི་རཱ་ཤི་ཡས་ཡུ་ཁུ་རན་ལ་བཙན་འཛུལ་གྱི་ཉིན་བཞི་བ་རེད། རྒྱལ་ས་ཁེ་ཝེ་ན་ཁྱོད་ཤི་ང་གསོན་གྱི་འཐབ་འཁྲུག་རྒྱག་གིན་པའི་སྒང་རེད། རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་གི་བློ་ཁོག་ནི་གནད་འགག་གི་སྐབས་སུ་མ་གཏོགས་ཤེས་མི་ཐུབ་ཅེས་པ་ནི་བདེན་པ་རེད།
ལྷ་སྡེ་གནམ་ལོ་ཡག
དེ་རིང་ནི་རཱ་ཤི་ཡས་ཡུ་ཁུ་རན་ལ་བཙན་འཛུལ་གྱི་ཉིན་བཞི་བ་རེད། རྒྱལ་ས་ཁེ་ཝེ་ན་ཁྱོད་ཤི་ང་གསོན་གྱི་འཐབ་འཁྲུག་རྒྱག་གིན་པའི་སྒང་རེད། རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་གི་བློ་ཁོག་ནི་གནད་འགག་གི་སྐབས་སུ་མ་གཏོགས་ཤེས་མི་ཐུབ་ཅེས་པ་ནི་བདེན་པ་རེད། རྩེད་ཆས་མེ་མདའ་ཁུར་ཞིང་རྩེད་རོགས་བུ་མོ་ལག་མགོར་ཁྲིད་པའི་བྱིས་པ་འདིས་ཡུ་ཁུ་རན་གྱི་དམག་མི་ཚོར་གུས་འདུད་ཞུ་སྟངས་ལ་ལྟོས་དང་ཤེས་ཐུབ། དེ་ནི་རྒྱལ་ཁབ་དང་མཛེས་མ་གཉིས་ཀྱི་གཅིག་ཀྱང་མི་ལྷོད་ཅེས་པའི་ཚུར་མངོན་ཞིག་རེད། དེ་མཚུངས་སུ་དམག་འཁྲུག་སྐབས་སུ་ཁ་པར་བསྔོག་གིན་པའི་ཨ་མ་དང་དཔེ་དེབ་ཀློག་གིན་པའི་བུ་མོ་གཉིས་ནི་དཔེ་མཚོན་གཞན་ཞིག་སྟེ། དཀའ་སྡུག་གི་མདུན་དུ་བབ་བརླིང་བརྟན་གསུམ་མངོན་བཞིན་པ་ནི་སྐད་ཆས་བཤད་ཤེས་པ་ཞིག་མ་རེད།
དེ་ལྟ་བུའི་བློ་ཁོག་ཅན་གྱི་མི་དམངས་ཤིག་མེད་ན་སྟོབས་ཆེན་རཱ་ཤི་ཡར་ཉིན་འདི་འདྲ་མང་བོ་ཞིག་ལ་འཐབ་ཐུབ་བམ། དྲང་མོར་བཤད་ན་དམག་སྟོབས་ཀྱི་ཧེ་བག་གནམ་ས་རེད། ཕྱི་ལོ ༢༠༢༡ལོར་མཚོན་ན།རཱ་ཤི་ཡའི་ལོ་གཅིག་གི་དམག་གྲོན་ཨ་སྒོར་དུང་ཕྱུར ༤༥༨རེད། དེ་ལས་ལྡོག་ནས་ཡུ་ཁུ་རན་གྱི་ལོ་གཅིག་གི་དམག་གྲོན་ཨ་སྒོར་དུང་ཕྱུར༤༧རེད་ལ། ཧ་ལམ་རཱ་ཤི་ཡའི་དམག་གྲོན་གྱི་ལྡབ་བཅུ་ཆེ་གཅིག་ཙམ་ཡིན། རཱ་ཤི་ཡར་ད་ཡོད་དམག་མི་འབུམ་དགུ་ལྷག་ཡོད། ཡིན་ནའང་།ཡུ་ཁུ་རན་ལ་ད་ཡོད་དམག་མི་ཆིག་འབུམ་དགུ་ཁྲི་དྲུག་སྟོང་ལྷག་ཡིན་པས། རཱ་ཤི་ཡས་དམག་མིས་ཧ་ལམ་ཡུ་ཁུ་རན་གྱི་ལྡབ་ལྔ་ཟིན་གྱི་ཡོད།ད་དུང་རཱ་ཤི་ཡ་ལ་དམག་གི་གནམ་གྲུ ༡༣༩༡ཡོད་ཅིང་། ཡུ་ཁུ་རན་ལ་དམག་གི་གནམ་གྲུ ༡༣༢འདུག་པས། རཱ་ཤི་ཡའི་དམག་མིའི་གནམ་གྲུས་ཡུ་ཁུ་རན་གྱི་དམག་མིའི་གནམ་གྲུབ་ལྡབ་བཅུ་དང་ཕྱེད་ཟིན་ཡོད། རཱ་ཤི་ཡ་ལ་དྲག་ཆས་རླངས་འཁོར ༡༥༠༠༠ལྷག་ཡོད་ཅིང་། ཡུ་ཁུ་རན་ལ་དྲག་ཆས་རླངས་འཁོར ༣༠༠༠ལྷག་ལས་མེད་པས། རཱ་ཤི་ཡའི་དྲག་ཆས་རླངས་འཁོར་གྱིས་ཡུ་ཁུ་རན་གྱི་དྲག་ཆས་རླངས་འཁོར་གྱི་ལྡབ་ལྔ་ཟིན་ཡོད། རཱ་ཤི་ཡ་ལ་ཆུར་འཛུལ་དམག་གྲུ༤༩ཡོད་ཅིང་། ཡུ་ཁུ་རན་ལ་གཅིག་ཀྱང་མེད། རཱ་ཤི་ཡ་ལ་ལྕགས་ཁྲབ་དམག་འཁོར་རམ་ཐན་ཁེ་ཧ་ལམ ༤༦༠༠ཡོད་ཅིང་། ཡུ་ཁུ་རན་ལ༢༠༠༠ལྷག་ཡོད་པས། རཱ་ཤི་ཡས་ལྡབ་གཉིས་ཟིན་ཡོད། ཡིན་ནའང་། རཱ་ཤི་ཡར་དམག་མི་དེ་འདྲ་འབོར་ཆེན་ཞིག་ཡུ་ཁུ་རན་ལ་དྲངས་པར་འགྲོ་གྲོན་ཆེར་གཏོང་རྒྱུ་མེད་པས། དམག་མི་ཁྲི་ཁ་ཤས་བཀོལ་ཏེ་མྱུར་འཐབ་མྱུར་འདུལ་ཡོང་ཐུབ་ལ་འབད་ཀྱི་ཡོད།
དམིགས་འབེན་གཉིས་ཏེ། ཡུ་ཁུ་རན་བྱང་ཆིངས་ནང་ཞུགས་མི་ཆོག་པར་བར་གནས་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུ་དང་། ཡུ་ཁུ་རན་ནང་དམག་མི་ཡོད་མི་ཆོག་པ་བཟོ་རྒྱུ་དེ་རེད། འོནཀྱང་། ཡུ་ཁུ་རན་གྱི་རྒྱལ་ས་ཁེ་ཝི་ནས་མང་ཚོགས་ཉུང་མཐར་ཆིག་ཁྲི་བརྒྱད་སྟོང་ལྷག་གིས་གཞུང་གི་ལག་པ་ནས་མེ་མདའ་བླངས་ཏེ་བཙན་རྒོལ་རྒྱལ་སྐྱོབ་ཁྲོད་ཞུགས་ཡོད་པས། ཡུ་ཁུ་རན་གྱི་དམག་མི་དང་མང་ཚོགས་བསྡོམས་ན་ཧ་ལམ་ཆིག་འབུམ་ལྷག་ཡོད་སྲིད་པ་ཞིག་རེད་ལ། མཐུན་ཕྱོགས་རྒྱལ་ཁབ་ཁ་ཤས་ནས་མཚོན་ཆའང་གསར་བ་འབྱོར་བཞིན་པར་མ་ཟད། ཨ་རིས་ཨ་སྒོར་ས་ཡ་སུམ་བརྒྱ་ལྔ་བཅུ་ང་བརྒྱད་ཀྱི་དམག་རོགས་བྱས་འདུག་ལ། མིག་སྔར་རཱ་ཤི་ཡའི་མྱུར་འཐབ་མྱུར་འདུལ་གྱི་ཐབས་ལམ་མངོན་འགྱུར་བྱུང་ཐུབ་མེད་པར་མ་ཟད། དུས་ཡུན་རིང་བོར་འཐབ་འཁྲུག་རྒྱག་དགོས་པའི་གཡུལ་འཐབ་ཅིག་ཏུ་འགྱུར་ངེས་པར་ཚོད་དཔག་བྱེད་ཆོག་པ་ཞིག་ཀྱང་རེད།
རྒྱུ་མཚན་ནི་རཱ་ཤི་ཡའི་དཔལ་འབྱོར་ལ་གྱོང་གུད་ཚབས་ཆེན་ཐེབས་སྲིད་པར་སྔོན་འགྲོའི་ཆ་རྐྱེན་ཁ་ཤས་གྲུབ་ཟིན་འདུག གཅིག་ནས་ཡུ་ཁུ་རན་མི་དམངས་ཀྱི་དཔའ་མཛངས་རྟུལ་ཕོད་ནི་ཚོད་དཔག་ལས་བརྒལ་ཡོད་པས། ཉིན་རེ་ཡི་དམག་གྲོན་ནི་ཨ་སྒོར་དུང་ཕྱུར་དུ་མའི་རྩིས་གཞི་ཞིག་ཡིན་པར་མ་ཟད། རྒྱལ་ས་ཁེ་ཝེ་ཡི་དྲ་ལམ་ཁག་ཆ་ཚང་གཏོར་ཐུབ་མི་འདུག གཉིས་ནས་ཡུ་ཁུ་རན་སྲིད་འཛིན་གྱི་འབོད་སྐད་ལྟར་ནུབ་ཕྱོགས་རྒྱལ་ཁབ་ཚོས་ག་ལེར་རཱ་ཤི་ཡ་རྒྱལ་སྤྱིའི་དངུལ་རྩའི་དྲ་འབྲེལ་བརྗེ་སྤོར་ཁྲོམ་རའམSWIFTལས་ཕྱིར་འབུད་གཏོང་རྒྱུ་ཡིན་པས། རྒྱལ་སྤྱིའི་སྟེང་གི་ཚོང་འབྲེལ་ལ་ཐད་ཀར་བཀག་འགོག་ངེས་ཅན་ཞིག་ཐེབས་ཀྱི་ཡོད།གསུམ་ནས་རཱ་ཤི་ཡའི་སྲིད་འཟིན་ཕུ་ཁྲིན་གཙོས་གཞུང་འཛིན་མི་སྣ་ཚོའི་ཕྱི་རྒྱལ་གྱི་དངུལ་དངོས་གཞུང་བཞེས་ཀྱི་ཆད་པ་ཞིག་ཀྱང་གཅོད་འགོ་ཚུགས་ཡོད། བཞི་ནས་ཡུ་ཁུ་རན་གྱིས་བཙན་རྒོལ་རྒྱབ་སྐྱོབ་ཀྱི་ཉིན་གསུམ་པར་ཕྱི་བསྒྲགས་བྱས་པ་ལྟར་ན། རཱ་ཤི་ཡའི་ཐན་ཁེ ༨༠གཏོར་ཡོད་ཅིང་། དྲག་ཆས་རླངས་འཁོར་ཡང ༥༡༦གཏོར་འདུག དམག་གི་གནམ་གྲུ ༡༠ས་ལ་གཡུགས་ཏེ་གཏོར་ཐུབ་ཡོད་པར་མ་ཟད། རཱ་ཤི་ཡའི་དམག་མི ༢༨༠༠ལྷག་བསད་ཡོད་འདུག ལྔ་ནས་དེང་གི་བར་ཡུ་ཁུ་རན་གྱི་དམག་མི་སུ་གང་གིས་ཀྱང་རཱ་ཤི་ཡ་ལ་མགོ་བཏགས་པའི་གནས་ཚུལ་གཅིག་ཀྱང་བྱུང་མི་འདུག དེ་ལས་ལྡོག་ནས་ཡུ་ཁུ་རན་གྱིས་འཛིན་བཟུང་བྱས་པའི་རཱ་ཤི་ཡའི་དམག་མི་རེ་གཉིས་ཀྱིས་དམག་རྒྱག་གི་ཡོང་རག་བར་དུ་ཡུ་ཁུ་རན་ལ་བཙན་འཛུལ་བྱེད་ཀྱི་ཡིན་པ་ཤེས་རྟོགས་བྱུང་མེད་ཚུལ་ལབ་འདུག་པས། རཱ་ཤི་ཡ་ནང་ཁུལ་ལ་རྙོག་དྲ་བྱུང་རྒྱུུ་ཡིན་པའི་རྟགས་མཚན་ཞིག་ཏུ་ལྟ་ཆོག་པའི་ཁར། རཱ་ཤི་ཡའི་གྲོང་ཁྱེར་དྲུག་ཅུའི་ནང་དམག་འཁྲུག་ལ་ངོ་རྒོལ་གྱི་ཁྲོམ་བསྐོར་བྱེད་ཀྱིན་པའི་སྒང་རེད།
དེ་མིན་ཞུ་བྱ་གཞན་གཅིག་ཡོད་པ་ནི་གལ་ཏེ་དོ་སྣང་ཅན་ཡོད་ན་ཡུ་ཁུ་རན་གྱི་རྒྱལ་སའི་རང་སྲུང་དམག་འཐབ་དང་ཕྱི་ལོ ༡༩༥༠ལོའི་བོད་ཀྱི་ཆབ་མདོ་རང་སྲུང་དམག་འཐབ་གཉིས་གཤིབས་བསྡུར་ཞིབ་འཇུག་གནང་རོགས།