རུལ་སུངས་པའི་རྒྱབ་རྩ་རི་ལས་མཐོ།
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཡ་རབས་བཟང་སྤྱོད་ཀྱི་བསླབ་བྱ་མི་རྒྱག་མཁན་མི་གཅིག་ཀྱང་མེད་ཅེས་བརྗོད་ཆོག་ལ། འཛམ་གླིང་གི་ཡ་རབས་བཟང་སྤྱོད་ཀྱི་མིག་དཔེར་འོས་པ་བོད་མི་ཡིན་པ་དང་།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༥༥༥ ཕྱི་ལོ་༢༠༡༥/༨/༡༢
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཡ་རབས་བཟང་སྤྱོད་ཀྱི་བསླབ་བྱ་མི་རྒྱག་མཁན་མི་གཅིག་ཀྱང་མེད་ཅེས་བརྗོད་ཆོག་ལ། འཛམ་གླིང་གི་ཡ་རབས་བཟང་སྤྱོད་ཀྱི་མིག་དཔེར་འོས་པ་བོད་མི་ཡིན་པ་དང་། དེའི་ནང་ནས་ཀྱང་བཙན་བྱོལ་བོད་མི་ཡིན་དགོས་པ་རེད་ཟེར་བའི་སྐད་ཆ་ནི་དྷ་སའི་རི་སྒང་འདིར་འབྲུག་ལྟར་གྲགས་བཞིན་ཡོད། དོན་དངོས་ཐོག་ཡ་རབས་བཟང་སྤྱོད་ཀྱི་ཐིག་ཤིང་དེའི་འོག་ནས་བོད་པའི་སྤྱི་ཚོགས་ཀྱི་ནང་དྲས་ཤིག་བརྒྱབ་པ་ཡིན་ན་ཡ་རབས་བཟང་སྤྱོད་ཅན་གྱི་དཔེ་མཚོན་ཡག་ཤོས་ཤིག་ཕལ་ཆེར་རྙེད་དཀའ་བའི་ཚོད་དུ་གྱུར་ཡོད། གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ར་བའི་ནང་རྒྱ་ནག་གི་སྲིད་འཛིན་གྱིས་ལྐོག་ཟ་རུལ་སུངས་ཅན་ལ་རྒོལ་བའི་ལས་འགུལ་ལ་བསྔགས་བརྗོད་བྱེད་མཁན་ཡོད་ཀྱང། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆེ་ཆུང་ལ་མ་ལྟོས་པར་ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་བྱས་ཉེས་རྩད་གཅོད་བྱེད་སྐབས་གོ་གནས་ཀྱི་བབས་སོགས་ལ་བསྙད་དེ་རྒོལ་གཏམ་གྱི་ཐོག་མདའ་རྒྱག་མཁན་མང་པོ་ཡོད།
གནད་དོན་འདི་ལ་བལྟས་ཚེ་རྒྱུ་ཤོར་གྱི་ར་མདར་དོ་བདག་འགྲོ་མི་ཆོག་པ་དང། འགྲོ་སྟངས་འགྲིག་མིན་ལ་བསྙད་ནས་ཁ་གཏད་གཅོག་པ་ལས་རྐུན་མ་ལ་ཉེས་འཛུགས་མི་བྱེད་པ་འདི་ནི། བོད་ཀྱི་གནའ་མི་དག་གིས་”རྐུན་མ་ལ་དཔའ་དར་དང། སྤྱང་ཀི་ལ་རྣ་ཚར་”ཞེས་མི་འོས་པའི་ཚད་དུ་བརྩི་བ་དེ་དང་གཅིག་མཚུངས་སུ་གྱུར་འདུག དེར་བརྟེན་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཡོད་མེད་ཀྱི་དོགས་གཞི་ཙམ་སླེབས་པའི་སྐབས་ནས་ཞིབ་འཇུག་མཐིལ་ཕྱིན་ཞིག་ཡོང་བར་འབད་བརྩོན་བྱེད་དགོས་པ་ལས། དགའ་ཉེ་དང་འབྲེལ་ཡོད་ཀྱི་ཆ་ནས་”སྤྱང་ཀིའི་རྒྱབ་རྩ་འཕར་བས་བྱེད་”ཅེས་པ་ལྟར་གྲོས་ཚོགས་ཀྱི་ནང་ནས་ཀྱང་ག་ཕྱི་ལོག་སྟེ་རྒོལ་གཏམ་བཏང་བ་ཡིན་ན། ནམ་ཞིག་བཙན་བྱོལ་བོད་པའི་བཟང་སྤྱོད་ཀྱི་ཐིག་ཤིང་དེ་ཡང་ཀྱོག་ཀྱོག་ཅིག་ཏུ་འགྱུར་རྒྱུ་ཡིན་པ་ཧ་ཅང་གསལ་པོ་རེད། ཕྱོགས་གཅིག་ནས་གནད་དོན་འདི་ལྟ་བུ་ལ་རྡུང་རྡེག་གཏོང་རྒྱུ་མང་དྲགས་སོང་ན་གྲོས་ཚོགས་ཀྱི་འཐུས་མིའི་ནང་དུའང་རང་བཞིན་གྱིས་མཛུབ་མོ་མི་འཛུགས་ཀ་མེད་ཡིན་པས། རང་དང་རང་ཉིད་ཀྱི་འབྲེལ་ཡོད་ལ་སྲུང་སྐྱོབ་ཀྱི་ཐབས་ཤེས་ཤིག་ཀྱང་ཡིན་སྲིད།
བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང། གནས་ཡུལ་རྒྱ་གར་གཞུང་གི་ཁྲིམས་ཁང་གཉིས་ཀས་གཅིག་མཚུངས་ཐག་གཅོད་བྱས་པའི་སྤྱི་རྒྱུ་སྒེར་བདག་བྱེད་མཁན་གྱི་མི་སྣ་ཡང། བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ར་བའི་ནང་སྐད་མགོ་མཐོ་མཐོ་དང། མཇིང་པ་སྦོམ་སྦོམ་བྱས་ནས་བསྡད་ཡོད་ཀྱང་འཛིན་སྐྱོང་གྲོས་ཚོགས་གཉིས་ཀའི་ངོས་ནས་མ་གོ་མདོག་མདོག་དང། མ་མཐོང་མདོག་མདོག་བྱེད་ཅིང། དེ་ལྟར་ཤོད་མཁན་རེ་ཟུང་བྱུང་ཚེ་ཆོལ་ཁའི་ཞེན་ཁོག་དང། རྒྱ་དམར་གྱི་རྒྱུག་ཁྱི་ཡིན་རབས་ཀྱི་སྙད་འདོགས་ལུང་པ་གང་བྱེད་པ་ལས་དོན་དངོས་ཐོག་ལག་བསྟར་ཐག་གཅོད་བྱེད་པའི་སྤོབས་པ་ཡོད་མཁན་གྱི་མགོ་ཁྲིད་ཅིག་མེད་པ་ནི། བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་དག་ལྟས་ངན་གཡང་སྒྱུར་གྱི་གདམས་པ་ཉན་ལེན་བྱེད་མཁན་འབའ་ཞིག་རེད་དམ། ཡང་ན་སྤྱི་རྒྱུ་སྒེར་བདག་དང་ལྐོག་ཟ་རུལ་སུངས་བྱེད་མཁན་དག་རྒྱབ་རྩ་རི་བ་ལས་མཐོ་བ་འབའ་ཞིག་ཡིན་པས་ལག་པ་འཆང་ཙམ་ཡང་མ་ཕོད་པ་རེད། གནད་དོན་འདི་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འདྲ་མཉམ་དང་དྲང་བདེན་ཡོད་མེད་ཀྱི་ཚད་གཞི་ཞིག་ཏུའང་གྱུར་ཡོད།
བཙན་བྱོལ་བོད་གཞུང་ལ་བཙོན་ཁང་དང་ཉེན་རྟོག་པ་མེད་པས་ཁྲིམས་དང་སྒྲིག་འཛུགས་ལ་བརྩི་བཀུར་མ་བྱས་ན་བྱེད་ཐབས་གཞན་མེད་སྲིད་ཀྱང། ད་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གནད་དོན་ཆུང་ཙག་རེ་ལ་བརྟེན་ནས་ཀྱང། གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོོགས་པ་མང་པོ་བྱུང་ཡོད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་དང་ལེན་གཏན་ནས་མི་བྱེད་མཁན་དང་སྤྱི་རྒྱུ་སྒེར་བདག་བྱེད་མཁན་ཡིན་པ་ཁྲིམས་ཐོག་ནས་དངོས་ར་སྤྲད་ཀྱང། དེ་ལ་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་ཙམ་ཡང་འཕྲོགས་མི་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་པ་ཡིན་ནམ། ཡང་ན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་བཏང་བ་དང། དེའི་རྗེས་སུ་གནས་ཡུལ་རྒྱ་གར་གཞུང་གིས་ཁྲིམས་ཁང་ནས་ཐག་གཅོད་བྱས་པ་དེ་དག་ཚང་མ་ནོར་ཡོད་པར་ངོས་འཛིན་བྱས་པ་རེད་དམ། ཡང་ན་ཉེས་པ་ཕོག་ཡུལ་ལ་རྒྱབ་རྩ་རི་ལས་མཐོ་བ་ཡིན་པས་ལག་པ་འཆང་མ་ཕོད་པ་རེད། དེར་བརྟེན་དྲི་ཚིག་འདི་དག་བཙན་བྱོལ་བོད་མིའི་མང་གཙོ་ཀ་བ་གསུམ་ཀ་གཅིག་མཚུངས་སུ་འབབ་པའི་དྲི་བ་ཞིག་ཏུ་གྱུར་ཡོད།
ཉེ་ཆར་བཀའ་ཤག་གིས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་འགན་འཛིན་ཟུར་པ་ལྷག་པ་ཚེ་རིང་ལ་ཉེས་ཆད་གཏོང་ཐུབ་ཙམ་བྱུང་བ་དང། བཀའ་ཤག་སྐབས་བཅུ་གཉིས་པས་བདེ་སྲུང་ཉམས་ཞིབ་ཁང་གི་ཡིག་སྐྱེལ་བུ་མོ་ཞིག་ཧིན་སྒོར་བདུན་བརྒྱ་བརྒྱད་བརྒྱ་ཙམ་ལ་བརྟེན་ནས་གནས་དབྱུང་བཏང་བའི་གནས་ཚུལ་བྱུང་བ་ནི། ཁྲིམས་སྲོལ་གང་ཐད་ནས་འགྲིག་མི་འདུག་ཅེས་བརྗོད་རྒྱུ་མེད་ནའང། གོང་དུ་བརྗོད་པའི་གནད་དོན་སྤྱི་རྒྱུ་སྒེར་བདག་བྱེད་མཁན་ལྟ་བུ་ལ་བཀའ་ཤག་སྔ་ཕྱི་གཉིས་ཀས་ལག་པ་འཆང་ཙམ་ཡང་བྱེད་མ་ཕོད་པའམ། ངན་པའི་རྒྱབ་ལངས་བྱས་ནས་ལག་པ་འཆང་ཙམ་ཡང་མ་བྱས་ཚེ”དགེ་སློང་སྤུ་སྐྱེལ་གསེར་རྐུན་”གྱི་གཏམ་རྒྱུད་དང་གཅིག་མཚུངས་ལྟ་བུར་གྱུར་ཡོད། དེར་བརྟེན་སྒྲིག་འཛུགས་ཀྱི་མགོ་ནས་རུལ་སུངས་ཅན་དུ་མི་འགྱུར་བ་ཞིག་བྱེད་མ་ཐུབ་ན། ཁྲིམས་ཞིབ་པ་དང། སྲིད་སྐྱོང་དང། བཀའ་བློན། སྤྱི་འཐུས་བཅས་ཀྱི་མིང་ཁུར་བ་ཙམ་ལས་དམ་བཅའ་དོན་ལ་མི་གནས་པས། བོད་མི་རྣམས་སྒྲིག་འཛུགས་ལ་ཡིད་ཆེས་བརླགས་ནས་རིམ་པས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱང་ཁ་འཐོར་དུ་འགྲོ་སྲིད་པ་རེད།།