རོལ་དབྱངས་སློབ་གཉེར་ཁང་ཞིག་གིས་རྒྱ་ནག་ནང་དུ་འཁྲབ་སྟོན་ཕྱིར་འཐེན་བྱས་འདུག 

ཨ་རི་དང་རྒྱ་ནག་གཉིས་བར་གྱི་ཚོང་དམག་དང་དེ་བཞིན་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་སོགས་ལ་བརྟེན་ནས། ཨ་རི་དང་རྒྱལ་སྤྱིའི་ཚོང་ལས་ཁང་མང་པོ་ཞིག་རྒྱ་ནག་གི་གནོན་ཤུགས་འོག་སླེབས་ཡོད་པ་དང་བསྟུན། ཉེ་ཆར་ཨ་རིའི་ནང་སྙན་གྲགས་ཆེ་བའི་རོལ་དབྱངས་སློབ་གཉེར་ཁང་ཞིག་གིས། རྒྱ་ནག་ནང་དུ་སྐོར་བསྐྱོད་འཁྲབ་སྟོན་གྱི་ལས་རིམ་ཕྱིར་འཐེན་བྱེད་དགོས་ཁེལ་འདུག 

ཨ་རི་དང་རྒྱ་ནག་གཉིས་བར་གྱི་ཚོང་དམག་དང་དེ་བཞིན་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་སོགས་ལ་བརྟེན་ནས། ཨ་རི་དང་རྒྱལ་སྤྱིའི་ཚོང་ལས་ཁང་མང་པོ་ཞིག་རྒྱ་ནག་གི་གནོན་ཤུགས་འོག་སླེབས་ཡོད་པ་དང་བསྟུན། ཉེ་ཆར་ཨ་རིའི་ནང་སྙན་གྲགས་ཆེ་བའི་རོལ་དབྱངས་སློབ་གཉེར་ཁང་ཞིག་གིས། རྒྱ་ནག་ནང་དུ་སྐོར་བསྐྱོད་འཁྲབ་སྟོན་གྱི་ལས་རིམ་ཕྱིར་འཐེན་བྱེད་དགོས་ཁེལ་འདུག 

ཟླ་༡༠ པའི་ཚེས་༣༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ནང་གི་རོལ་དབྱངས་སློབ་གཉེར་ཁང་མང་པོ་ཞིག་གིས། རྒྱ་ནག་ནང་དུ་སྐོར་བསྐྱོད་འཁྲབ་སྟོན་བྱེད་དུ་འགྲོ་རྒྱུ་དེ་ནི་དཔལ་འབྱོར་མཁོ་སྒྲུབ་དང་། སློབ་གཉེར་ཁང་ཁྱབ་བསྒྲགས། ཕྱི་རྒྱལ་སློབ་མའི་གྲངས་འབོར་མང་དུ་གཏོང་ཐབས་སོགས་གལ་ཆེན་དུ་འཛིན་གྱི་ཡོད་འདུག་པས། ཉེ་བའི་ཆར་ཨ་རིའི་རཱོ་ཆེ་སེ་ཀྲེར་གཙུག་ལག་སློབ་གཉེར་ཁང་གི་ཡན་ལག་ཡིན་པའི་སྙན་གྲགས་ཆེ་བའི་རོལ་དབྱངས་སློབ་གཉེར་ཁང་(Eastman) གི་རོལ་ཆ་བ་སློབ་མ་༨༠ ལས་མང་བ་ཡོད་པའི་རོལ་དབྱངས་རུ་ཁག་གཅིག རྒྱ་ནག་ནང་དུ་སྐོར་བསྐྱོད་འཁྲབ་སྟོན་བྱེད་རྒྱུའི་ལས་རིམ་བསྒྲིགས་ཡོད་འདུག 

འོན་ཀྱང་ཟླ་༩ པའི་ཟླ་མཇུག་ཏུ་རོལ་དབྱངས་རུ་ཁག་དེའི་ནང་གི་ལྷོ་ཀོ་རི་ཡའི་སློབ་མ་གསུམ་ལ་རྒྱ་ནག་གཞུང་གི་ཐོངས་མཆན་སྤྲད་མེད་པ་ཤེས་ཏེ། ཐོག་མར་སློབ་གཉེར་ཁང་དེའི་འགན་འཛིན་གྱིས་ལྷོ་ཀོ་རི་ཡའི་སློབ་མ་གསུམ་པོ་དེ་མེད་པའི་ཐོག་ནས། སྐོར་བསྐྱོད་འཁྲབ་སྟོན་ལ་འགྲོ་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང་། སློབ་གཉེར་ཁང་དེའི་སློབ་མ་དང་སློབ་ཟུར་སོགས་ཀྱིས་ཐག་གཅོད་དེར་སྐྱོན་བརྗོད་དྲག་པོ་བྱས་རྐྱེན། ཟླ་༡༠ པའི་ཚེས་༢༩ ཉིན་འབྲེལ་ཡོད་སློབ་མ་གསུམ་ལ་ཐོངས་མཆན་མ་སྤྲད་བར་དུ། རྒྱ་ནག་ཏུ་སྐོར་བསྐྱོད་འཁྲབ་སྟོན་འགྲོ་རྒྱུ་མིན་པའི་ཐག་གཅོད་བྱས་འདུག 

དེ་ཡང་སློབ་གཉེར་ཁང་དེའི་འགན་འཛིན་གྱིས་བརྗོད་དོན་ལྟར་ན། ཐོག་མར་ལྷོ་ཀོ་རི་ཡའི་སློབ་མ་གསུམ་ལ་ཐོངས་མཆན་སྤྲད་མེད་པ་ཤེས་རྗེས། འབྲེལ་ཡོད་སློབ་མ་གསུམ་དང་ཐུག་ནས་གྲོས་སྡུར་བྱས་སྐབས། སློབ་མ་གསུམ་པོས་སྐོར་བསྐྱོད་འཁྲབ་སྟོན་མུ་མཐུད་ནས་འགྲོ་དགོས་སྐོར་བརྗོད་ཡོད་པ་དང་། རོལ་དབྱངས་རུ་ཁག་དེའི་རོལ་ཆ་བ་རྣམས་དང་གྲོས་སྡུར་བྱས་སྐབས། ལས་རིམ་མུ་མཐུད་འགྲོ་དགོས་པར་བརྗོད་མཁན་ལྡབ་གཅིག་གིས་མང་བ་བྱུང་ཡོད་པས། ཁོང་གིས་དྲ་ཐོག་ཏུ་ལས་རིམ་ཕྱིར་འཐེན་བྱས་ཚེ་རྒྱ་ནག་ནང་སློབ་གཉེར་ཁང་གི་མཚན་སྙན་ལ་གནོད་རྒྱུ་ཡིན་དང་། དེས་རོལ་དབྱངས་རུ་ཁག་གཞན་ཁག་གི་ལས་དོན་ལ་ཡང་གནོད་སྲིད་སྐོར་བརྗོད་ནས། གནད་དོན་དེའི་ཐོག་བཟང་སྤྱོད་ཀྱི་ཐོག་ནས་བྱེད་སྟངས་ཁག་པོ་ཞིག་ཆགས་ཡོད་སྐོར་བསྒྲགསཔ་དང་། ལྷོ་ཀོ་རི་ཡའི་སློབ་མ་གསུམ་མེད་པའི་ཐོག་ནས་སྐོར་བསྐྱོད་འཁྲབ་སྟོན་མུ་མཐུད་འགྲོ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག ཐག་གཅོད་དེར་སློབ་གཉེར་ཁང་དེའི་སློབ་མ་དང་སློབ་ཟུར་མང་པོ་ཞིག་གིས་སློབ་གཉེར་ཁང་གི་དབྱེ་འབྱེད་མེད་པའི་རིན་ཐང་གི་ལྟ་བ་སོགས་དང་འགལ་ཟླ་འགྲོ་ཡི་ཡོད་པ་དང་། རྒྱ་ནག་གི་འོག་ཏུ་མགོ་སྒུར་གྱི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པས། འགན་འཛིན་གྱིས་བསྐྱར་དུ་བསྒྲགས་གཏམ་ཞིག་སྤེལ་ཏེ། སྐོར་བསྐྱོད་འཁྲབ་སྟོན་དེའི་གནས་བབ་དང་བསྟུན་ནས། སློབ་གཉེར་ཁང་དང་དེའི་རིན་ཐང་གི་ལྟ་བ་ལ་ཐབས་ལམ་ཡག་ཤོས་དེ་ནི། རོལ་དབྱངས་རུ་ཁག་གི་རོལ་ཆ་བ་ཆ་ཚང་མཉམ་དུ་འཁྲབ་སྟོན་བྱེད་རྒྱུ་མ་བྱུང་བར་སྒུག་རྒྱུ་དེ་ཡིན་སྐོར་བརྗོད་ནས། ལྷོ་ཀོ་རི་ཡའི་སློབ་མ་གསུམ་པོ་ལ་ཡང་ཐོངས་མཆན་མ་སྤྲད་བར་དུ་ལས་རིམ་དེ་ཕྱིར་འཐེན་བྱེད་རྒྱུ་ཡིན་པའི་ཐག་གཅོད་བྱས་འདུག་པས། སློབ་ཟུར་བ་དང་སློབ་མ་མང་པོ་ཞིག་གིས་ཐག་གཅོད་དེར་དགའ་བསུ་བྱས་འདུག 

དེ་ཡང་བརྒྱུད་ལམ་ཁག་ཅིག་ཏུ་རྒྱ་ནག་གིས་ལྷོ་ཀོ་རི་ཡའི་སློབ་མ་གསུམ་ལ་ཐོངས་མཆན་མ་སྤྲད་པའི་རྒྱུ་མཚན་ནི། ཕྱི་ལོ་༢༠༡༧ ལོར་ལྷོ་ཀོ་རི་ཡས་ཨ་རིའི་མེ་ཤུགས་ཕུར་མདའ་བཀག་འགོག་གི་འཕྲུལ་ཆས་ཤིག་ས་གནས་སུ་སྒྲིག་འཇོག་བྱེད་རྒྱུ་ཐག་གཅོད་བྱས་པར། རྒྱ་ནག་གིས་ངོ་རྒོལ་ཆེན་པོ་བྱས་ནས། ལྷོ་ཀོ་རི་ཡའི་འཁྲབ་སྟོན་པ་མང་པོ་ཞིག རྒྱ་ནག་ནང་དུ་འཁྲབ་སྟོན་བྱེད་རྒྱུ་བཀག་འགོག་བྱས་ཡོད་པས། ཐེངས་འདིའི་གནད་དོན་ཡང་དེ་དང་འབྲེལ་བ་ཡོད་སྲིད་སྐོར་བསྒྲགས་བཞིན་འདུག་ཀྱང་། ཟླ་༡༠ པའི་ཚེས་༣༠ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་མགྲིན་ཚབ་པས། སློབ་མ་གསུམ་པོ་དེར་ཐོངས་མཆན་མ་སྤྲད་པའི་རྒྱུ་མཚན་ནི་མེ་ཤུགས་འཕུར་མདའ་བཀག་འགོག་གི་འཕྲུལ་ཆས་སྒྲིག་འཇོག་བྱས་པ་དང་འབྲེལ་བ་མེད་པ་དང་། ལོ་སྔོན་མར་ལྷོ་ཀོ་རི་ཡའི་མི་མང་ས་ཡ་༤ རྒྱ་ནག་ཏུ་སླེབས་ཡོད་པས། གནད་དོན་དེ་ནི་དོན་རྐྱེན་ལོག་ཁ་ཞིག་དང་འབྲེལ་བ་ཡོད་སྲིད་སྐོར་བརྗོད་འདུག 

གནད་དོན་དེ་དང་འབྲེལ་ནས་རོལ་དབྱངས་སློབ་གཉེར་ཁང་དེའི་ཨ་མ་རཱོ་ཆེ་སེ་ཀྲེར་གཙུག་ལག་སློབ་གཉེར་ཁང་དུ་ཡོད་པའི་སློབ་མའི་སྤྱི་མཐུན་ཚོགས་པས་བསྒྲགས་གཏམ་ཞིག་སྤེལ་ཏེ། སློབ་གྲྭའི་ཨ་མ་དེའི་ཆ་ཤས་རོལ་དབྱངས་སློབ་གཉེར་ཁང་གི་ལྷོ་ཀོ་རི་ཡའི་སློབ་མ་གསུམ་ལ། རྒྱ་ནག་གཞུང་གིས་ཐོངས་མཆན་མ་སྤྲད་པའི་རྒྱུ་མཚན་ནི། ཉེ་བའི་ཆར་གཙུག་ལག་སློབ་གཉེར་ཁང་དེའི་ཨ་རིའི་མི་སེར་ཡིན་པའི་ལྷོ་ཀོ་རི་ཡའི་སློབ་མ་ཞིག་གིས། སློབ་གཉེར་ཁང་གི་ཁོར་ཡུག་ཏུ་ཡུ་གུར་དང་བོད་ཀྱི་གནས་སྟངས་ཐོག་གི་ལས་རིམ་གོ་སྒྲིག་བྱས་རྐྱེན། མི་རིགས་གཅིག་པ་གཞན་གསུམ་ལ་ཉེས་པ་བཏང་བ་ཡིན་སྐོར་གྱི་བསམ་ཚུལ་བརྒྱུད་ལམ་ཁག་ཅིག་ཏུ་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་ལ་བོད་དང་ཡུ་གུར་འབྲེལ་བའི་ལས་རིམ་གོ་སྒྲིག་བྱས་པའི་གནས་ཚུལ་ཐོབ་ཡོད་པ་ཁོ་ཚོས་ཤེས་ཀྱི་ཡོད་པས། སློབ་གཉེར་ཁང་གི་ཁོར་ཡུག་ནང་ཕྱིའི་རྒྱལ་ཁབ་ཀྱི་གསང་ཉུལ་ཡོད་པའི་ཡིད་ཆེས་ཡོད་པས། དེའི་ཐོག་རྟོག་ཞིབ་བྱེད་པའི་རེ་སྐུལ་བྱེད་ཀྱི་ཡོད་པ། རྒྱ་ནག་གཞུང་གི་བྱེད་སྟངས་ལ་བརྟེན་ནས་གུས་ཞབས་མེད་པ་དང་། ཐོངས་མཆན་མ་སྤྲད་པའི་སློབ་མ་རྣམས་དང་སློབ་གཉེར་ཁང་གིས་ལས་རིམ་ཕྱིར་འཐེན་བྱེད་པའི་ཐག་གཅོད་ལ་རྒྱབ་སྐྱོར་ཡོད་སྐོར་སོགས་བསྒྲགས་འདུག གང་ལྟར་རྒྱ་ནག་གཞུང་གིས་ལྷོ་ཀོ་རི་ཡའི་སློབ་མ་གསུམ་དམིགས་འབེན་བཟུང་ནས་ཐོངས་མཆན་མ་སྤྲད་པའི་རྒྱུ་མཚན་གང་ཡིན་གསལ་པོ་བཟོས་མེད་ཀྱང་། སློབ་གཉེར་ཁང་དེས་མཐའ་མ་དེར་རྒྱ་ནག་གཞུང་ལ་ཁ་གཏད་བཅག་ཡོད་པ་དེས། མ་འོངས་པར་རྒྱ་ནག་ནང་དུ་འགྲོ་ས་ཞིག་རག་མིན་ཐེ་ཚོམས་ཡིན་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།