རྐྱེན་མ་ཡོང་གོང་ནས་བཟློག་པ།

ཉེ་ཆར་རྒྱ་གར་གཞུང་གིས་ཕྱི་ལོ་༡༩༧༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྙན་གྲགས་ཆེ་བའི་ཨ་མ་ཊེ་རེ་སཱ་ (Mother Teresa) དགེ་རྩ་ཚོགས་པའི་ཕྱི་ནས་རོགས་དངུལ་ལེན་ཆོག་ (FCRA) པའི་ཆོག་མཆན་ཕྱིར་བསྡུ་བྱས་འདུག ན་རེནྡྲ་མོ་ཏི་སྲིད་གཞུང་སླེབས་པ་ནས་རྒྱ་གར་གྱི་ལྗང་གུ་ཚོགས་པས་གཙོས། ཚོགས་པ་མང་པོ་ཞིག་ལ་ཕྱི་ནས་རོགས་དངུལ་ལེན་རྒྱུར་བཀག་སྡོམ་དང་ཆོག་མཆན་ཕྱིར་བསྡུ་བྱས་ཡོད་ཅིང་། སྤྱི་ཡོངས་རྒྱལ་ཁབ་ཆེ་གྲས་ཀྱི་ནང་ནས་རྒྱ་ནག་ཕུད་རྗེས་ཕྱི་རྒྱལ་ནས་རོགས་དངུལ་ལེན་པར་དམ་དྲག་ཆེ་ཤོས་བྱེད་མཁན་གཅིག་རྒྱ་གར་ཡིན་འདུག། ལྷག་པར་མོ་ཏི་སྲིད་གཞུང་གིས་ཕྱི་ནས་རོགས་དངུལ་ལེན་པར་དམ་དྲག་ཤུགས་ཆེ་བྱས་ནས། ཕྱི་ནས་རོགས་དངུལ་ལེན་ཆོག་ (FCRA) པའི་དེབ་སྐྱེལ་གསར་དུ་ཞུས་པ་མང་ཆེ་བར་ཆོག་མཆན་མ་སྤྲད་པ་དང་། སྔོན་ནས་ཡོད་པ་མང་པོ་ཞིག་གི་ཆོག་མཆན་གློ་བུར་ཕྱིར་བསྡུ་བྱས་པ། མང་པོ་ཞིག་ལ་དུས་འགྱངས་སྐབས་བསྐྱར་དུ་ཆོག་མཆན་མ་སྤྲད་པ་སོགས་བྱུང་ཡོད་པ་མ་ཟད། བཙན་བྱོལ་བོད་པའི་སྤྱི་ཚོགས་སུའང་གནད་དོན་འདི་དང་འབྲེལ་ནས་དཀའ་ངལ་འཕྲད་མཁན་མང་པོ་བྱུང་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཕྱིའི་རོགས་དངུལ་ཡིན་ལ། རང་ངོས་ནས་ཡོང་འབབ་གཅིག་རང་ཡོད་པ་དེ་དང་བླངས་དཔྱ་དངུལ་ཁོ་ན་ཡིན། ད་ལྟའི་ཆར་དཔལ་འབྱོར་ལས་ཁུངས་དང་། ནང་སྲིད་ལས་ཁུངས། ཤེས་རིག་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་སོགས་ལ་ཕྱི་ནས་རོགས་དངུལ་ལེན་ཆོག་པའི་ཆོག་མཆན་ཡོད་ལ། སློབ་གྲྭ་ཁག་མང་པོ་ཞིག་དང་། དགོན་སྡེ་གྲྭ་ཚང་ཁག་མང་ཆེ་བར་རོགས་དངུལ་ལེན་ཆོག་པའི་ཆོག་མཆན་ཡོད་ཀྱང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཆེ་ཁག་ནང་ཕྱི་ནས་རོགས་དངུལ་ལེན་ཆོག་པའི་ཆོག་མཆན་ཡོད་མཁན་ཕལ་ཆེར་གཅིག་ཀྱང་མེད། ད་ལྟ་རྒྱ་གར་གཞུང་གིས་ཕྱི་ནས་རོགས་དངུལ་ལེན་ཆོག་པའི་ཆོག་མཆན་ཕྱིར་བསྡུ་བྱེད་ཡུལ་ཨ་མ་ཊེ་རེ་སའི་དགེ་རྩ་ཚོགས་པ་ལ་མཚོན་ན་རྒྱ་གར་ཙམ་མ་ཟད། རྒྱལ་སྤྱིའི་ཁྱོན་དུ་སྙན་གྲགས་ཡོད་པའི་དགེ་རྩ་ཚོགས་པ་ཞིག་ཡིན་པ་དང་། རྒྱ་གར་གྱིས་གཙོས་ཡུལ་གྲུ་མང་པོ་ཞིག་གི་ཉམ་ཐག་རྣམས་ལ་རོགས་རམ་རྒྱ་ཆེ་གནང་མཁན་ཞིག་རེད། དེར་བརྟེན་ཨ་རོགས་ལ་བལྟ་ས་དང་། ཁྱིམ་མཚེས་ལ་ཉན་ས་ཞེས་པ་ལྟར་བོད་མིའི་སྒྲིག་འཛུགས་ནས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་རན་ཡོད་སྙམ།

བཙན་བྱོལ་བོད་མི་རྣམས་ཐོག་མ་བཙན་བྱོལ་དུ་འབྱོར་བའི་སྐབས་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་དུས་རབས་མང་པོར་གསོག་འཇོག་བྱས་པའི་གསེར་དངུལ་དྲེལ་རྒྱབ་ཧ་ཅང་མང་པོ་ཞིག བོད་ས་ཡོངས་རྫོགས་མ་ཤོར་བའི་སྔོན་ནས་སྒང་ཏོག་ཏུ་དབོར་འདྲེན་བྱས་ཡོད་པ་དང་། ས་དབང་ཆེན་མོ་རྒྱ་ལོ་དོན་གྲུབ་ཀྱིས་ཀ་ལི་ཀ་ཏར་དབོར་འདྲེན་གནང་རྗེས་གསེར་དངུལ་དེ་གར་སོང་ཆ་མེད་དུ་གྱུར་ནས། བཙན་བྱོལ་བོད་གཞུང་དང་བོད་མི་མང་ལ་ཕན་ཐོགས་གང་ཡང་བྱུང་མེད། ཕྱིས་སུ་མཁས་དབང་ཟམ་གདོང་རིན་པོ་ཆེས་སྐབས་དེའི་གསེར་དངུལ་ཚང་མ་ང་ཚོ་ལ་ད་ལྟ་ཡོད་ན། གླིང་ཕྲན་ཞིག་ཡོངས་སུ་ཉོ་ཐུབ་ཅེས་གསུངས་མྱོང་བ་ལྟ་བུ་ཞིག་ཡོད་ཀྱང་། ད་ལྟའི་ཆར་སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་དང་། ཚ་རོང་གཟིམ་ཤག་གཉིས་གཉེན་ཚན་ཡིན་ཡང་ཕན་ཚུན་ང་མིན་ཁོ་ཡིན་ཞེས་ཡིག་ངག་གཉིས་ཐོག་ནས་མཛུབ་མོ་འཛུགས་རེས་གནང་བསྡད་པ་ཙམ་ལས་བརྡ་འདེད་བྱེད་ས་གང་ཡང་ལྷག་མེད་པར། སྐབས་དེའི་གསེར་དངུལ་གྱིས་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་ལ་སྐུ་ངལ་ཧ་ཅང་ཆེ་བའི་སྐབས་དེར་ཕན་ཐོགས་གང་ཡང་བྱུང་མེད་པ་ནི་གསལ་པོ་རེད།

ཕྱི་ལོ་༢༠༠༠ གི་སྔོན་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྟངས་འཛིན་འོག བཟོ་གྲྭ་དང་། ཚོང་ལས་སྡེ་ཚན་མང་པོ་ཞིག་ཡོད་པས་སྐབས་རེར་ཚོང་ཡག་སྡུག་དང་། སྐབས་རེ་འབྲེལ་ཡོད་ལས་བྱེད་ཚོས་འགན་ཁུར་སྟངས་ལ་བརྟེན་ནས་གྱོང་དང་ཁེ་བཟང་གཉིས་ཀ་ཡོད་སྲིད་ཀྱང་། ས་ཆ་དང་མཁར་དབང་མང་པོ་ཞིག་ཡོད་པ་དེ་དག་ཚང་མ་གོང་ཁེ་པོ་བྱས་ནས་སྒེར་ལ་བཙོང་སྟེ་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ལ་ཚོང་ལས་དང་འབྲེལ་བའི་རྟེན་གཞི་ཆེན་པོ་གང་ཡང་མེད་ལ། ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གི་སྐབས་ཙམ་ནས་དཔལ་འབྱོར་ལས་ཁུངས་ཀྱི་ངོས་ནས་དངུལ་ཁང་གསར་འཛུགས་བྱ་རྒྱུའི་ལས་གཞི་ཡོད་པ་བཞིན། དེའི་རྗེས་སུ་འབྲེལ་ཡོད་རྣམ་པས་དཀའ་ལས་མང་པོ་ཞིག་བརྒྱབ་ནས་ད་ལྟའི་ཆར་ཅུང་རེ་བ་ཡོད་པ་ཞིག་ཏུ་འགྱུར་བཞིན་ཡོད་ཚོད་ཀྱང་། ད་ལྟའི་སྲིད་སྐྱོང་གི་ངོས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ངམ། དངུལ་ཁང་དེ་སྒོ་རྒྱག་རྒྱུའི་འཆར་གཞི་ཡོད་ཚུལ་བཀའ་སློབ་སྔ་རྗེས་ཀྱི་ནང་དུ་ཐོན་ཡོད། གལ་སྲིད་དངུལ་ཁང་དེ་སྒོ་བརྒྱབ་པའི་དབང་དུ་བཏང་ན་སྒྲིག་འཛུགས་རང་ངོས་ནས་ཚོང་ལས་དང་འབྲེལ་བའི་ཐོག་ནས་མ་འོངས་པར་རེ་བ་རྒྱག་ས་ཞིག་གཏན་ནས་མེད།

མདོར་ན་ད་ལྟའི་ཆར་དཔལ་འབྱོར་གྱི་རྟེན་ས་གཙོ་བོ་རོགས་དངུལ་ཡིན་ཡང་། ཉིན་གཅིག་རྒྱ་གར་གཞུང་གིས་ཉེ་ཆར་བྱུང་བའི་ཨ་མ་ཊེ་རེ་སའི་དགེ་རྩ་ཚོགས་པ་བཞིན། ཕྱི་ནས་རོགས་དངུལ་ལེན་ཆོག་པའི་ཆོག་མཆན་ཕྱིར་བསྡུ་བྱས་པའི་དབང་དུ་བཏང་ན། ང་ཚོ་ལ་གྲ་སྒྲིག་ཡོད་པ་ཞིག་བྱེད་དགོས་པ་དང་ཆུ་མ་ཡོང་གོང་ནས་རགས་དང་། རྐྱེན་མ་ཡོང་གོང་ནས་བཟློག་པ་ཞེས་པའི་དཔེ་ལྟར་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད། རྩ་བས་རྒྱ་གར་གཞུང་དེ་ལངས་ཕྱོགས་བརྟན་པོ་དང་། བོད་པ་ལ་ཤ་ཚ་རྒྱབ་སྐྱོར་ཆེན་པོ་ཡིན་པས། དེ་ཙམ་སེམས་ཁྲལ་དགོས་པའི་གནས་སྟངས་ཤིག་མིན་ནའང་། རྒྱ་གར་རྒྱལ་ཡོངས་སུ་ཕྱི་ནས་རོགས་དངུལ་ལེན་མི་ཆོག་པའི་དམ་དྲག་དང་། ད་ལྟ་ཆོག་མཆན་གང་ཡོད་པ་དེ་དག་ཕྱིར་བསྡུ་ཙམ་དུ་མ་ཟད། དེ་དང་འབྲེལ་བའི་ཁྲིམས་ཡིག་ཀྱང་ཕྱིར་བསྡུ་གནང་སོང་ན། བོད་པ་གཅིག་པུ་ལ་དམིགས་བསལ་གཏོང་སའི་ལམ་ཁ་ཞིག་ཁྲིམས་ལྡན་རྒྱལ་ཁབ་ཅིག་གི་འཛིན་སྐྱོང་འོག་གཏན་ནས་ཡོང་མི་སྲིད་པ་རེད། ཅིག་བྱས་ནས་བསམ་ཚུལ་འདི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཙམ་ཡིན་སྲིད་ནའང་སྔོན་ནས་བསམ་བློ་བཏང་སྟེ་གྲ་སྒྲིག་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད་སྙམ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།