རྒྱ་གཞུང་གི་དྲྭ་ཇག་ཚོགས་པ་ཤིག་གིས་ཐའེ་ཝན་གྱི་ཉམས་ཞིབ་ལྟེ་གནས་ཁང་ཞིག་གི་དྲྭ་ཐོག་ནས་གསང་བ་རྐུ་ཡི་ཡོད་པ་ཤེས་འདུག
དེང་གི་དུས་སུ་ལས་དོན་མང་པོ་ཞིག་དྲྭ་རྒྱའི་ཐོག་ནས་བྱེད་ཀྱི་ཡོད་པར་བརྟེན། དྲྭ་རྒྱའི་ཐོག་ནས་གསང་བའི་རྐུ་ཇག་རྒྱག་མཁན་ཡང་མང་པོ་འབྱུང་བཞིན་ཡོད་འདུག རྒྱ་ནག་གཞུང་གི་གསོ་སྐྱོང་འོག་ཡོད་པའི་དྲྭ་རྒྱའི་ཚོགས་པ་ཞིག་གིས་ཐའེ་ཝན་གྱི་ཉམས་ཞིབ་ལྟེ་གནས་ཁང་ཞིག་གི་གསང་བ་རྐུ་ཇག་རྒྱག་གི་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག
ཕྱི་ཚེས་༣ ཉིན་(TaipelTimes)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཐའེ་ཝན་གཞུང་གི་ཉམས་ཞིབ་ལྟེ་གནས་ཁང་གིས། ཁོ་ཚོའི་ལས་ཁུངས་ཀྱི་དྲྭ་རྒྱའི་གསང་ཨང་དང་ཡིག་ཆའི་རིགས་མང་པོ་ཞིག་རྐུ་མ་ཤོར་གྱི་ཡོད་པ་དང་། ཕྱིས་སུ་ཤེས་རྟོགས་བྱུང་དོན་ལ་དེ་དག་རྐུ་ཇག་རྒྱག་མཁན་ནི་རྒྱ་ནག་གཞུང་གིས་གསོ་སྐྱོང་བྱས་པའི་དྲྭ་རྒྱའི་ཚོགས་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད་ཚུལ་བརྗོད་ཡོད་འདུག དྲྭ་ཐོག་ནས་རྐུ་ཇག་རྒྱག་མཁན་ཚོས་ཧ་ཅང་གིས་གནོད་འཚེ་ཆེ་བའི་དྲྭ་རྒྱའི་མ་ལག་གི་རིགས་ཤིག་བེད་སྤྱོད་བྱས་ཏེ། ཉམས་ཞིབ་ལྟེ་གནས་ཁང་ཁག་གི་དྲྭ་རྒྱའི་ནང་འཛུལ་ནས་རྐུ་ཇག་བྱེད་ཀྱི་ཡོད་འདུག དྲྭ་རྒྱའི་ཐོག་ཆེད་མཁས་པ་ཚོས་མ་ལག་དེའི་རིགས་རྒྱ་ནག་ནང་བེད་སྤྱོད་ཆེན་པོ་བྱེད་ཀྱི་ཡོད་པར་རྗོད་ཀྱི་ཡོད་འདུག ཨ་རིའི་གཞུང་གི་ལས་བྱེེད་ཡིན་པའི་རྒྱ་ནག་གི་བདེ་འཇགས་ལྷན་ཚོགས་དང་འབྲེལ་བ་ཡོད་མཁན་ཞིག་གིས། དྲྭ་ཐོག་ནས་རྐུ་ཇག་རིགས་བྱེད་མཁན་དེ་རྒྱ་ནག་གཞུང་གིས་གསོ་སྐྱོང་བྱས་པའི་(APT41)ཟེར་བའི་ཚོགས་པ་དེ་ཡིན་པར་བརྗོད་འདུག རྒྱ་གཞུང་གིས་དྲྭ་ཐོག་ནས་རྐུ་ཇག་རྒྱག་མཁན་ཁོང་ཚོ་མིན་པའི་ལན་འདེབས་བྱས་ཡོད་ཀྱང་། ཨ་རིའི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་གང་ཡང་བརྗོད་ཡོད་མི་འདུག དྲྭ་རྒྱའི་བདེ་འཇགས་མཁས་པ་དག་གིས། ད་ཆར་རྒྱ་ནག་གཞུང་གིས་དྲྭ་རྒྱའི་བདེ་འཇགས་ལ་གནོད་འཚེ་བཏང་ནས་ས་ཁམས་ཆབ་སྲིད་ཀྱི་གནད་དོན་འདྲ་མིན་གྱི་ཐོག་ལ་དོ་ཕོག་གཏོང་གི་ཡོད་པ་དང་། མ་འོངས་པར་དེ་ལྟར་མང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་རེད་ཅེས་བརྗོད་ཡོད་འདུག ཐའེ་ཝན་གྱི་ཉམས་ཞིབ་པ་ (Vitor Ventura)ཟེར་བས་རྒྱ་ནག་ནས་ཡིན་པའི་དྲྭ་རྒྱའི་ཐོག་ནས་རྐུ་ཇག་རྒྱག་མཁན་དག་གི་དྲྭ་རྒྱའི་མ་ལགས་རྙིང་པ་དེ་འདྲ་བཏང་ནས་ངོ་རྟགས་མི་འཕྲོད་པ་བཟོ་ཡི་ཡོད་པར་བརྗོད་འདུག ལོ་སྔོན་མར་(Google)གྷུ་གྷུལ་ལས་ཁུངས་ཀྱིས་ད་ཆར་རྒྱ་ནག་གིས་ཐའེ་ཝན་གྱི་གནད་ཡོད་ལས་ཁུངས་ཁག་གི་དྲྭ་རྒྱའི་ཐོག་གསང་འཛུལ་བྱེད་རྒྱུར་མང་དུ་འགྲོ་ཡི་འདུག་ཅེས་བརྗོད་ཡོད་འདུག (APT41)ཟེར་བའི་དྲྭ་རྒྱའི་ཚོགས་པ་དེ་རྒྱ་ནག་གི་(Chengdu)ཁྲིན་ཏུའི་ས་ཆར་རྟེན་གཞི་བྱས་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག་ལ། ཚོགས་པ་དེས་ཨ་རིའི་མངའ་སྡེ་དྲུག་གི་ཏོག་དབྱིབས་ནད་དུག་སེལ་ཆེད་ཀྱི་རོགས་སྐྱོར་ཨ་སྒོར་ས་ཡ་མང་པོ་ཞིག་རྐུ་མ་བརྐུས་ཡོད་པ་ཨ་རིས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག གཞན་ཡང་ཚོགས་པ་དེས་ད་བར་ཚོགས་པ་འདྲ་མིན་༡༠༠ ལྷག་གི་དྲྭ་རྒྱའི་ཐོག་ནས་གནོད་འཚེ་བཏང་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།