རྒྱ་གཞུང་གིས་༧གོང་ས་མཆོག་ཨ་རིར་བཞུགས་རིང་ཁ་ཕྲལ་གྱི་བྱ་འགུལ་སྤེལ་འཇུག་མི་ཆོག་ཅེས་བརྗོད་འདུག

པར། Hindu

ཟླ་འདིའི་ཚེས་༢༣ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན།  རྒྱ་གཞུང་གིས་༧གོང་ས་མཆོག་ཨ་རི་ལ་བཞུགས་པའི་རིང་ཁ་ཕྲལ་གྱི་བྱ་འགུལ་སྤེལ་འཇུག་མི་ཆོག་ཅེས་ཨ་རིའི་གཞུང་ལ་སྐྱོན་བརྗོད་བྱས་པ་མ་ཟད། བདུན་འདིའི་རེས་གཟའ་ལྷག་པའི་ཉིན་ཨ་རིའི་གཞུང་གི་གནད་ཡོད་མི་སྣས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུས་རྗེས་རྒྱ་གཞུང་གིས་ངོ་རྒོལ་བྱས་འདུག

༧གོང་ས་མཆོག་ད་སྐབས་ཨ་རིར་བཞུགས་ཡོད་པ་དང་ཟླ་འདིའི་ཚེས་༢༡ ཉིན་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཨ་ཛི་ར་ཛཱེ་ཡ་དང་། ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་དང་ཕོ་བྲང་དཀར་པོའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ཀེ་ལི་ར་ཛུ་ཀ་གཉིས་ནིའུ་ཡོག་གྲོང་ཁྱེར་དུ་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ། ཨ་རིའི་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་རྒྱུའི་ཁས་ལེན་བསྐྱར་ནན་གནང་བའི་རྗེས་ཏེ། ཟླ་འདིའི་ཚེས་༢༢ ་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ནིང་(Mao Ning) ་ཟེར་བས་རྒྱ་གཞུང་གིས་རྒྱལ་ཁབ་གང་ཞིག་གིས་རྒྱུ་མཚན་གང་འདྲ་ཞིག་གི་འོག་༧གོང་ས་མཆོག་གདན་འདྲེན་ཞུ་བ་དང་། རྒྱལ་ཁབ་གང་ཞིག་གི་གཞུང་གི་དཔོན་པོ་ཚོས་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་༧གོང་ས་མཆོག་དང་མཇལ་འཕྲད་གནང་བར་ངོ་རྒོལ་ཡོད་ཅེས་བརྗོད་འདུག

དེ་བཞིན་ཁོང་མོས་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟེར་བ་ཞིག་བསྐོ་བཞག་བྱས་པ་དེས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་དང་རྒྱ་གཞུང་གིས་འབྲེལ་མཐུད་པའི་གོ་གནས་དེར་ངོས་འཛིན་བྱེད་ཀྱི་མེད་ཅེས་ཨ་རི་ལ་ངོ་རྒོལ་ཡོད་པར་བརྗོད་འདུག

གཞན་ཡང་ཁོང་མོས་བོད་དང་འབྲེལ་བའི་གནད་དོན་ཐོག་ཨ་རིས་རང་གི་ཁས་ལེན་བྱས་པ་རྣམས་ལག་བསྟར་བྱེད་དགོས་པ་དང་། རྒྱ་ནག་གི་ཁེ་ཕན་གཙོ་བོ་དང་སེམས་ཁྲལ་ཆེ་ཤོས་ཀྱི་གནད་དོན་ལ་བརྩི་བཀུར་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་འདུག་ལ། ༧གོང་ས་མཆོག་གིས་ཨ་རིའི་ནང་ཆབ་སྲིད་ཀྱི་ཁ་ཕྲལ་རིང་ལུགས་ཀྱི་ལས་འགུལ་སྤེལ་འཇུག་མི་ཆོག་པ་དང་། ཁོང་དང་འབྲེལ་བ་རྣམ་པ་གང་འདྲ་ཞིག་ཡིན་ཡང་མ་བྱེད་ཅེས་བཤད་འདུག

སྤྱིར་ཕྱི་རྒྱལ་གནད་ཡོད་མི་སྣས་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་པ་སོགས་ཀྱི་གནས་ཚུལ་བྱུང་ན་རྒྱ་གཞུང་གིས་སྐད་རྒྱག་གི་ཡོད་པ་རྒྱུན་ལྡན་ཡིན་པ་བཞིན། ཟླ་བ་སྔོན་མའི་ནང་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་གནང་སྐབས་ཀྱང་རྒྱ་གཞུང་གིས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་རེད།
གསར་འགོད་པ། བློ་བཟང་རྒྱ་མཚོ།

ཁྱེད་ཀྱིས་གཟིགས་མེད་སྲིད།