རྒྱ་གཞུང་གིས་ཐའེ་ཝན་གྱི་ཁ་བྲལ་བ་ཚོ་ལ་ཉེས་ཆད་གཅོད་རྒྱུའི་ལམ་སྟོན་ཟེར་བ་ཞིག་ཁྱབ་བསྒྲགས་བྱས།

ཟླ་འདིའི་ཚེས་༢༤ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གིས་ཐའེ་ཝན་གྱི་ཁ་བྲལ་བ་ཚོ་ལ་ཉེས་ཆད་གཅོད་རྒྱུའི་ལམ་སྟོན་གསར་པ་ཞིག་ཁྱབ་བསྒྲགས་བྱས་ཡོད་པར་བརྟེན། ཐའེ་ཝན་གྱི་སྲིད་འཛིན་གསར་པས་རྒྱ་གཞུང་ལ་ཐའེ་ཝན་གྱི་མི་མང་ལ་ཆད་པ་གཅོད་རྒྱུའི་ཐོབ་ཐང་མེད་པ་དང་སྒེར་གཅོད་པ་ནི་གནོད་འཚེ་ཅན་ངོ་མ་དེ་རེད་ཅེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག

པར། རོའུ་ཊར།

བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཀྱི་ཉིན། རྒྱ་ནག་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱིི་བདེ་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་བཅས་མཉམ་འབྲེལ་གྱིས་ཁ་བྲལ་གྱི་ཉེས་པ་བསགས་པར་ཉེས་ཆད་གཅོད་ཕྱོགས་ཀྱི་ལམ་སྟོན་གསར་པ་ཞིག་ཁྱབ་བསྒྲགས་བྱས་ཡོད་འདུག གསལ་བསྒྲགས་དེའི་ནང་དུ་ཐའེ་ཝན་རང་བཙན་ནི་ཉེས་གསོག་གི་བྱ་སྤྱོད་ཅིག་ཡིན་ཞིང་། ཉེས་ཅན་པ་རྣམས་ལ་སྲོག་ཁྲིམས་བར་གྱི་ཆད་པ་གཅོད་རྒྱུ་སོགས་འཁོད་ཡོད་འདུག

ཐའེ་ཝན་ནང་གི་(Tamkang) ཞེས་པའི་གཙུག་ལག་སློབ་གྲྭའི་ནང་ཡོད་པའི་རྒྱ་ནག་དང་ཐའེ་ཝན་བར་གྱི་འབྲེལ་ལམ་ཐོག་གི་ཆེད་ལས་པ་(Chang Wu Yueh) ཞེས་པ་ཞིག་གིས། རྒྱ་གཞུང་གིས་སྤེལ་བའི་གསལ་བསྒྲགས་དེའི་དམིགས་ཡུལ་གཙོ་བོ་རྒྱལ་ནང་དུ་ཐའེ་ཝན་རང་བཙན་ལ་ཇི་ལྟར་དགག་པ་དང་ངོ་རྒོལ་བྱེད་དགོས་པ་གསལ་བཤད་བྱ་རྒྱུ་དང་། རྒྱལ་སྤྱིའི་ནང་རྒྱ་གཞུང་ལ་ཐའེ་ཝན་ཐོག་ཁྲིམས་ལུགས་ཀྱི་དབང་ཚད་ཡོད་པ་ཁྱབ་བསྒྲགས་བྱེད་རྒྱུ། ཐའེ་ཝན་བ་ཚོ་ལ་འཇིགས་སྐུལ་བྱེད་རྒྱུ་བཅས་གསུམ་རེད་ཅེས་བརྗོད་འདུག

རྒྱ་གཞུང་གིས་སྤེལ་བའི་ལམ་སྟོན་གསལ་བསྒྲགས་དེའི་ནང་། ཐའེ་ཝན་རང་བཙན་གྱི་བྱ་སྤྱོད་ནི་ཉེས་གསོག་གི་བྱ་སྤྱོད་ཅིག་ཡིན་པ་བཀོད་ཅིང་། རྒྱ་གཞུང་གི་ཁྲིམས་ལུགས་འོག་ཐའེ་ཝན་གྱི་རང་བཙན་རྩོད་པ་ནི་ཉེས་གསོག་གི་བྱ་སྤྱོད་ཅིག་ཡིན་པར་བཀོད་པ་ཐོག་མ་དེ་ཆགས་ཡོད་འདུག

གསལ་བསྒྲགས་དེ་དང་འབྲེལ། ཁ་སང་རེས་གཟའ་ཟླ་བའི་ཉིན་ཐའེ་ཝན་གྱི་སྲིད་འཛིན་གསར་པས། དམངས་གཙོ་ནི་ནག་ཉེས་ཤིག་མ་རེད། སྒེར་གཅོད་པ་ནི་གནོད་འཚེ་ཅན་ངོ་མ་དེ་རེད་ཅེས་དང་། རྒྱ་གཞུང་ལ་ཐའེ་ཝན་བ་ཚོས་རང་ཉིད་ཀྱི་བསམ་ཚུལ་འདོན་པ་དང་ལངས་ཕྱོགས་འཛིན་པའི་ཐོག་ལ་ཉེས་ཆད་གཅོད་པའི་ཐོབ་ཐང་དང་ཁྲིམས་ལུགས་ཀྱི་དབང་ཆ་མེད་ཅེས་བརྗོད་ཡོད་པ་མ་ཟད། རྒྱ་གཞུང་གིས་ཐའེ་ཝན་གནས་ཡོད་པ་ཁས་ལེན་དང་ཐའེ་ཝན་མི་མང་གི་ཁྲིམས་མཐུན་གྱི་དམངས་གཙོའི་གཞུང་དང་འབྲེལ་བ་བྱེད་པའི་རེ་བ་ཡོད། འབྲེལ་ལམ་དེ་ནི་ཐའེ་ཝན་མཚོ་འགག་གཉིས་ཀྱི་མི་རྣམས་ཀྱི་བདེ་དོན་སྲུང་བའི་ཐབས་ལམ་ཉག་གཅིག་རེད། ཐབས་ལམ་གཞན་པ་གང་ཞིག་ཡིན་རུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་རྒྱུ་རེད་ཅེས་བརྗོད་འདུག

ཕྱི་ལོ་༢༠༢༠ ལོར་རྒྱ་གཞུང་གིས་ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་ནས་བཟུང་ཐའེ་ཝན་གྱིས་མི་མང་ཚོ་རྒྱ་ནག་དང་ཧོང་ཀོང་དུ་འགྲོ་བར་ཉེན་བརྡ་ཡང་ཡང་བཏང་ཡོད་འདུག བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུ་ནས་རེས་གཟའ་ཉི་མའི་བར། ཐའེ་ཝན་མཚོ་འགག་གི་མཁའ་དབྱིངས་སུ་རྒྱ་ནག་གི་གནམ་གྲུ་༡༡༥ འཕུར་ཟིན་པ་དང་། དེ་རིང་རེས་གཟའ་མིག་དམར་ཉིན་གཅིག་པུར་ཐའེ་ཝན་གྱི་མཁའ་དབྱིངས་སུ་རྒྱ་ནག་གི་གནམ་གྲུ་༡༧ དང་མཚོ་ཐོག་ཏུ་གྲུ་གཟེངས་༨ བཏང་ཡོད་པ་ཐའེ་ཝན་བདེ་སྲུང་གིས་བསྒྲགས། ཕྱོགས་གཉིས་ཀྱི་འབྲེལ་བ་ནི་ཡར་རྒྱས་མེད་པར་སྔར་བཞིན་ཛ་དྲག་ཏུ་གྱུར་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།