རྒྱ་གཞུང་གིས་དམར་ཤོག་གི་བསམ་བློ་དྲིལ་བསྒྲགས་ཆེད་རྒྱ་ཡིག་གི་སློབ་དེབ་གསར་པ་ཁག་ཅིག་འགྲེམ་སྤེལ་བྱེད་རྒྱུ་ཡིན་འདུག

པར། South china morning post

ཟླ་འདིའི་ཚེས་༢༨ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གིས་དམར་ཤོག་ཚོགས་པའི་བསམ་བློ་དྲིལ་བསྒྲགས་དང་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཞི་ཅིན་ཕིང་གི་ཆབ་སྲིད་བསམ་བློ་ཡོད་པའི་ལོ་རྒྱུས་དང་རྒྱ་ཡིག་གི་སློབ་དེབ་གསར་པ་ཁག་ཅིག་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱེད་རྒྱུའི་གནས་ཚུལ་འཁོད་འདུག

རྒྱ་གཞུང་གིས་དམར་ཤོག་ཚོགས་པའི་བསམ་བློའི་དྲིལ་བསྒྲགས་དང་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་ཆེད། རྒྱ་ཡིག་དང་ལོ་རྒྱུས། བཟང་སྤྱོད་དང་ཁྲིམས་ལུགས་བཅས་ཀྱི་སློབ་དེབ་གསར་པ་ཁག་ཅིག་པར་སྐྲུན་བྱས་ཤིང་། བདུན་ཕྲག་རྗེས་མའི་ནང་སྟོན་ཁའི་སློབ་དུས་འགོ་འཛུགས་བྱེད་པའི་སྐབས་སུ། སློབ་དེབ་གསར་པ་དེ་དག་སློབ་ཆུང་དང་སློབ་འབྲིང་གི་སློབ་མ་ཚོར་སྤྲོད་རྒྱུ་རེད་འདུག

ཕྱི་ལོ་༢༠༡༦ སྔོན་ལ་བཟང་སྤྱོད་དང་ཁྲིམས་ལུགས་ཞེས་པའི་ཚབ་ཏུ་བསམ་བློ་དང་ཆབ་སྲིད་ཅེས་པའི་ཐ་སྙད་དེ་བེད་སྤྱོད་བཏང་ཞིང་། སློབ་ཚན་དེ་གཉིས་ནི་གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དྲིལ་བསྒྲགས་བྱེད་པར་དམིགས་ཡོད་པ་དང་སློབ་མ་ཚོ་ལ་ངེས་པར་དུ་སློབ་དགོས་པའི་སློབ་ཚན་ཞིག་ཆགས་ཡོད་འདུག

སློབ་དེབ་གསར་པའི་ནང་བརྗོད་གཞི་གཙོ་བོ་ཁག་ནི་སྲིད་འཛིན་ཞི་ཅིན་ཕིང་གི་ཆབ་སྲིད་ཀྱི་བསམ་བློ་དང་རྒྱ་གཞུང་གི་སྲོལ་རྒྱུན་རིག་གནས། རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་སོགས་ཆགས་ཡོད་འདུག

རྒྱ་གཞུང་གིས་ཕྱི་ལོ་༢༠༡༨ ལོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞེས་འབོད་པའི་ཞི་ཅིན་ཕིང་གི་ཆབ་སྲིད་ཀྱི་ལྟ་གྲུབ་དེ་རྒྱ་ནག་གི་རྩ་ཁྲིམས་ནང་དུ་བཅུག་ཡོད་ན་ཡང་། ཉེ་བའི་ལོ་ཤས་ནང་དེའི་ཁྱབ་ཁོངས་རྒྱ་སྐྱེད་བྱུང་ནས། ཁྱབ་ཁོངས་དེའི་ནང་དཔལ་འབྱོར་དང་ཕྱི་འབྲེལ། དམག་དོན་དང་ཁོར་ཡུག་གི་གནད་དོན། དེ་བཞིན་ཁྲིམས་ལུགས་དང་དྲིལ་བསྒྲགས། སྲིད་གཞུང་གི་སྒྲིག་ཁྲིམས་བཅས་ཆ་ཤས་བདུན་འདུས་ཡོད་འདུག

ལྷག་པར་དུ་ལོ་འདིའི་ལོ་འགོར་རྒྱ་ནག་རྒྱལ་ཡོངས་སུ་དེ་དག་གི་ཐོག་སློབ་སྦྱོང་བྱེད་རྒྱུ་བཟོས་ཡོད་པ་དང་ཞི་ཅིན་ཕིང་གི་གཏམ་བཤད་སོགས་ལ་སློབ་སྦྱོང་བྱེད་ཆེད་དུས་རྒྱུན་དུ་ཚོགས་འདུ་འཚོག་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག

རྒྱ་གཞུང་གིས་སློབ་མ་ཚོ་ལ་འགྲེམ་སྤེལ་བྱེད་འཆར་ཡོད་པའི་ལོ་རྒྱུས་ཀྱི་སློབ་དེབ་གསར་པའི་ནང་དུ་ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་བར་གྱི་དམག་འཁྲུག་གི་སྐོར་དང་། ཕྱི་ལོ་༡༩༧༩ རྒྱ་ནག་གིས་ཝེ་ཐེ་ནམ་ལ་དམག་རོགས་བྱས་པའི་གནས་ཚུལ། དེ་བཞིན་རྒྱ་ནག་གི་འཕྲུལ་རིག་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ཁག་ཅིག་འཁོད་ཡོད་འདུག

སློབ་དེབ་གསར་པ་དེ་དག་བསྡུ་སྒྲིག་བྱེད་པར་ལོ་གཉིས་འགོར་ཡོད་འདུག་ལ། རྒྱ་ནག་རྒྱལ་ཡོངས་སུ་འགྲེམས་སྤེལ་མ་བྱས་གོང་སློབ་གྲྭ་ཁག་༥༥༠ ལྷག་གི་ནང་དུ་དགེ་རྒན་༢༠༠༠ ཙམ་གྱིས་སློབ་ཕྲུག་གྲངས་འབུམ་གཅིག་ལྷག་ལ་ཚོད་ལྟའི་སློབ་ཁྲིད་བྱས་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།

ཁྱེད་ཀྱིས་གཟིགས་མེད་སྲིད།