འདས་པའི་ལོ་ངོ་བཞིའི་རིང་བོད་ནང་གི་བོད་མི་༦༣ ལྷག་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ཡོད་པ་གསལ་སྟོན་བྱས།
ཕྱི་ཟླ་༨ ཚེས་༣༠ ཉིན་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པའི་མནར་གཅོད་ཕོག་མཁན་རྣམས་ཀྱི་རྒྱལ་སྤྱིའི་ཉིན་མོ་ཐེངས་༤༡ པའི་དུས་དྲན་གྱི་ཉིན་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདས་པའི་ལོ་ངོ་བཞིའི་རིང་བོད་ནང་གི་བོད་མི་༦༣ ལྷག་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ཡོད་པ་གསལ་སྟོན་དང་། རྒྱ་གཞུང་གིས་བོད་ནང་དུ་བཙན་དབང་འོག་གར་སོང་ཆ་མེད་དུ་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག
རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་འབྲེལ་བའི་ཐལ་སྤྱོད་ཐེར་འདོན་བྱས་ཀྱང་། རྒྱ་གཞུང་གིས་དེ་དག་སྣང་མེད་བཏང་བ་མ་ཟད། རྒྱ་ནག་གི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཡིག་བསྐྱར་བཅོས་བཏང་སྟེ་བཙན་དབང་འོག་གར་སོང་ཆ་མེད་དུ་གཏོང་བའི་སྦྱོར་བ་དེ་ཉིད་ཁྲིམས་མཐུན་དུ་བཟོས་ཡོད་པ། ཕྱི་ལོ་༢༠༡༢ ཟླ་༣ པའི་ནང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བའི་ལོ་འཁོར་ཚོགས་འདུའི་སྐབས་ཁྲིམས་ཡིག་བསྐྱར་བཅོས་ཞིག་ལ་མང་མོས་ཀྱིས་རྒྱབ་སྐྱོར་བྱས་ཏེ། རྒྱ་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་རྣམས་དམིགས་འབེན་དུ་བཟུང་ནས་མུ་མཐུད་བཙན་དབང་འོག་གར་སོང་ཆ་མེད་དུ་གཏོང་རྒྱུའི་བྱ་སྤྱོད་སྤེལ་བར་མཐུན་འགྱུར་བྱས་ཡོད་པ། བསྐྱར་བཅོས་བྱས་པའི་ཁྲིམས་ཡིག་གི་དོན་ཚན་༧༣ པས་བོད་མི་ཚོར་གོ་དོན་གསལ་ཁ་མེད་པའི་“རྒྱལ་ཁབ་བདེ་འཇགས་”དང་འབྲེལ་བའི་ཉེས་མིང་བཀལ་ཏེ། གསང་བའི་སྒོ་ནས་འཇུ་བཟུང་བཀག་ཉར་བྱ་རྒྱུའི་དབང་ཆ་སྤྲད་ཡོད་པས། རྒྱ་ནག་རྒྱལ་ཁབ་ཀྱི་གོང་བུ་ཆིག་སྒྲིལ་དང་བརྟན་རླིང་ལ་ཉེན་ཁ་ཡིན་པར་ངོས་འཛིན་བྱས་པའི་བོད་མི་ཚོར་”ཁྲིམས་མཐུན་“ཡིན་ཟེར་ནས་འཇུ་བཟུང་བྱེད་པ་བརྒྱུད། གཞུང་ཕྱོགས་དང་མི་མཐུན་པའི་བསམ་ཚུལ་འདོན་མཁན་དང་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དྲག་གནོན་བྱ་རྒྱུའི་ཆོག་མཆན་སྤྲད་ཡོད་ཅེས་ལྟེ་གནས་ཁང་གིས་གསལ་པོར་བརྗོད་འདུག
དེ་བཞིན་ལྟེ་གནས་ཁང་གིས་སྤེལ་བའི་བསྒྲགས་གཏམ་གྱི་ནང་། རྒྱ་གཞུང་གིས་ཕྱི་ལོ་༢༠༡༣ ནས་༢༠༢༡ བར་མི་གྲངས་༥༣,༠༠༠ ནས་༩༠,༠༠༠ བར་ལ་གཏན་འཁེལ་བྱས་པའི་གནས་ཡུལ་དུ་བཀག་ཉར་ Residential Surveillance at Designated Location (RSDL) བྱས་ཡོད། བོད་མི་ཚོས་མུ་མཐུད་དྲག་གནོན་ཚབས་ཆེན་དང་བཙན་དབང་འོག་གར་སོང་ཆ་མེད་དུ་གཏོང་བའི་མནར་གཅོད་མྱོང་བཞིན་ཡོད་ལ། རྒྱ་ནག་གཞུང་ངོས་ནས་དེ་ལྟ་བུའི་དམ་དྲག་ཅན་གྱི་ལག་ལེན་མཚམས་འཇོག་བྱ་རྒྱུའི་རྣམ་འགྱུར་གང་ཡང་སྟོན་གྱི་མེད། དེ་ལས་ལྡོག་སྟེ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅེས་དང་། འདས་པའི་ལོ་བཞིའི་རིང་ལ་འདི་ག་ལྟེ་གནས་ཁང་གིས་བོད་ནང་དུ་བོད་མི་༦༣ ་ལྷག་བཙན་དབང་འོག་གར་སོང་ཆ་མེད་དུ་བཏང་བ་ཤེས་རྟོགས་བྱུང་ཡོད། གྲངས་ཚད་དེ་ནི་བཀག་རྒྱ་ཆེན་པོའི་ཁྲོད་ནས་ཤེས་རྟོགས་བྱུང་བ་ཞིག་ཡིན་པས་དེ་ནི་མ་མཐའི་གྲངས་ཚད་ཙམ་ལས་དངོས་ཡོད་གྲངས་ཀ་དེ་ལས་མཐོ་བ་ཚོད་དཔག་བྱེད་ཐུབ་ཅེས་འཁོད་འདུག
དེ་བཞིན་འདི་ལོའི་ཕྱི་ཟླ་༢ པའི་ནང་དུ་གཞས་པ་བགེགས་འཇོམས་ལགས་ཀྱིས་《སྐྱོ་གླུ་མཆི་མ་དགུ་འཁྱིལ་》ཞེས་པའི་གླུ་གཞས་ཤིག་བླངས་རྗེས། ས་གནས་ཉེན་རྟོག་པས་ཁོང་ཉེན་རྟོག་ལས་ཁུངས་སུ་འབོད་འགུག་བྱས་ཤིང་། དེ་ནས་ཆུ་ཚོད་འགའི་རྗེས་སུ་ཁོང་གར་སོང་ཆ་མེད་དུ་གྱུར་འདུག གླུ་གཞས་དེའི་ནང་དུ་“༧རྒྱལ་བ་མེད་པའི་རྒྱལ་ཁབ་འདི་ན།། འགོ་ཁྲིད་ཡོད་ཀྱང་རྫུན་མ་རེད་འདུག །”ཟེར་བ་སོགས་རྒྱ་ནག་གི་དབང་བསྒྱུར་ལ་བོད་མི་ཚོས་འདོད་མོས་མེད་པའི་རྣམ་འགྱུར་མཚོན་པར་བྱས་ཡོད་པ།
ཕྱི་ཟླ་༣ པའི་ནང་དུའང་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་པད་མ་ལགས་ཀྱིས་རྔ་བ་རྫོང་”དཔའ་བོའི་སྲང་ལམ་”སྟེང་དུ་༸གོང་ས་མཆོག་གི་སྐུ་པར་འཁྱེར་ནས་ཞི་བའི་ངོ་རྒོལ་གནང་བའི་རྐྱེན་གྱིས་ས་གནས་སྤྱི་བདེ་ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་ཏེ་གསང་བའི་བཀག་ཉར་བྱས་འདུག ས་གནས་ཀྱི་དཔང་པོ་ཚོས་བཤད་པ་ལྟར་ན། པད་མ་ལགས་ཀྱིས་”༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས།” ཟེར་བ་དང་། “བོད་ནང་ཆོས་དད་རང་དབང་དགོས།” ཞེས་པ་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཡོད་པ་གོ་ཐོས་བྱུང་འདུག དོན་རྐྱེན་དེའི་རྗེས་སུ་རྒྱ་ནག་གི་བདེ་འཇགས་དམག་མིས་རྔ་བ་རྫོང་དང་ལྷག་པར་དུ་ཚ་རུ་མ་སྡེ་པ་དང་ཀིརྟི་དགོན་པ་སོགས་སུ་དམ་དྲག་དང་སྟངས་འཛིན་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག ད་ལྟའི་ཆར་པད་མ་ལགས་ག་པར་ཡོད་མེད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མི་ཐུབ་པར་གྱུར་ཡོད། འདི་ལྟར་ཞི་བའི་ངོ་རྒོལ་ལའང་དྲག་གནོན་བྱེད་པ་དང་། མི་སྒེར་བཙན་དབང་འོག་གར་སོང་ཆ་མེད་བཟོ་བ། དེ་བཞིན་ས་ཁུལ་ཡོངས་ལ་དམ་དྲག་ཤུགས་ཆེ་རུ་གཏོང་བ་བཅས་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་ཞེས་བཀོད་འདུག།
གཞན་ཡང་ལྟེ་གནས་ཁང་གིས་བསྒྲགས་གཏམ་ནང་། ཕྱི་ཟླ་༧ ་ཚེས་༢༦ ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙན་དབང་འོག་གར་སོང་ཆ་མེད་དུ་གཏོང་བའི་གནད་དོན་གྱི་ལས་དོན་ཚན་ཁག་གིས་ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ནང་། བོད་ནང་གི་གནས་སྟངས་ལ་དམིགས་བསལ་གྱིས་སེམས་འཚབ་ཡོད་པ་གསལ་སྟོན་བྱས་ཡོད་པ་དང་། ཚོགས་ཆུང་དེས་ཕྱི་ལོ་༢༠༡༣ ་ཟླ་༢ ་ཚེས་༡༩ ་ཉིན་རྒྱ་ནག་ཏུ་གཟིགས་སྐོར་བསྐྱོད་རྒྱུའི་རེ་འདུན་བཏོན་ནས་བཟུང་། ཕྱི་ལོ་༢༠༢༠ ་ཟླ་༣ ་ཚེས་༡༢ བར་དྲན་སྐུལ་ཐེངས་མང་བཏང་ཡོད་ནའང་། རྒྱ་ནག་གིས་རྟག་ཏུ་སྣང་མེད་བཏང་ཡོད་པ་གསལ་འདོན་བྱས་པའི་ཐོག་རྒྱ་ནག་གཞུང་གིས་ཚོགས་ཆུང་དེ་བོད་ལ་གཟིགས་སྐོར་དུ་བསྐྱོད་བཅུག་པའི་དབང་དུ་བཏང་ཡང་། དེར་དོ་དམ་དང་སྟངས་འཛིན། སྔོན་ཚུད་ནས་གྲ་སྒྲིག་བྱས་པ་བཅས་ཀྱི་དམ་དྲག་ཆེན་པོ་ཡོང་ངེས་ཡིན་པའང་བཀོད་ཡོད་པར་བརྗོད་འདུག
ལྟེ་གནས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་དམངས་ཚོགས་སྡེ་ཁག་གིས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ། བཙན་དབང་འོག་གར་སོང་ཆ་མེད་དུ་གཏོང་བའི་བྱ་སྤྱོད་ཚང་མ་མྱུར་དུ་མཚམས་འཇོག་ཡོང་ཐབས་བྱེད་དགོས་པ་དང་། གནོད་འཚེ་ཕོག་མཁན་རྣམས་དང་འབྲེལ་ཡོད་ནང་མི་ཚོས་དྲང་བདེན་དོན་གཉེར་གྱི་བྱ་གཞག་ལ་རྒྱབ་སྐྱོར་དང་མཐུན་འགྱུར་བསྐྲུན་དགོས། མ་ཟད་རྒྱ་ནག་གཞུང་གི་ངོས་ནས་འགོར་འགྱངས་མེད་པར་“མི་ཐམས་ཅད་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་”ལ་མཚན་རྟགས་བཀོད་པ་དང་ལག་བསྟར་ཁས་ལེན་བྱེད་དགོས་པའི་འབོད་སྐུལ་ནན་པོ་ཞུས་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།