རྒྱ་གཞུང་གིས་ཧི་མ་ལ་ཡའི་གླེང་སྟེགས་བརྒྱུད་ནས་རྒྱ་གར་ལ་ཁ་གཏད་གཅོག་ཐབས་དང་བོད་ནང་གི་ཁོར་ཡུག་གཏོར་སྐྱོན།

ཁ་སང་ལྡི་ལི་ནེ་རོ་གཙུག་ལག་མཐོ་སློབ་ཀྱི་སློབ་དཔོན་ཞིག་གིས་བྲིས་པའི་རྩོམ་ཡིག་གཅིག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གསར་ཤོག་ཐོག་བཀོད་འདུག་པ་དང་། དེའི་ནང་དུ་ད་ཆར་རྒྱ་ནག་གིས་ཧི་མ་ལ་ཡའི་མཐའ་འཁོར་དུ་ཡོད་པའི་རྒྱལ་ཁབ་རྣམས་དང་ལྷན་དུ་མཉམ་འབྲེལ་བྱས་ནས་རྒྱ་གར་ཀྱི་མཐའ་མཚམས་ཡོངས་ནས་སྐོར་ཡོང་གིན་ཡོད་པའི་སྐོར་དང་། དེ་བཞིན་བོད་ནང་རྒྱ་ནག་གཞུང་གིས་དེང་རབས་འཛུགས་སྐྲུན་ལས་གཞི་ལ་ཁ་གཡར་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་དང་། རིག་གཞུང་བསྲེ་ལྷད་སོགས་བྱས་ཏེ་འཛམ་གླིང་གི་མཐོ་སྒང་དབང་སྒྱུར་བྱེད་བཞིན་ཡོད་པར་བརྗོད་འདུག

ཕྱི་ཚེས་༢༥ ཉིན་ལྡི་ལིའི་ནང་ཡོད་པའི་ནེ་རོ་གཙུག་ལག་མཐོ་སློབ་ཀྱི་སློབ་དཔོན་(Srikanth Kondapalli)ཟེར་བ་ཁོང་གིས་རྒྱ་ནག་དང་བོད། ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས། རིག་གཞུང་བསྲེ་ལྷད་གཏོང་བའི་བོད་ཅེས་བྲིས་པའི་རྩོམ་ཡིག་ཞིག་རྒྱ་གར་གྱི་སྦེང་ལོར་གསར་ཤོག་Deccan Herald)ཟེར་བའི་ཐོག་བཀོད་འདུག་པ་དང་། རྩོམ་ཡིག་དེའི་ནང་རྒྱ་ནག་གིས་འཛམ་གླིང་གི་མཐོ་སྒང་དབང་སྒྱུར་བྱེེད་བཞིན་པ་དང་། ཧི་མ་ལ་ཡའི་མཐའ་འཁོར་དུ་ཡོད་པའི་རྒྱལ་ཁབ་རྣམས་དང་ལྷན་དུ་མཉམ་འབྲེལ་བྱས་ནས་རྒྱ་གར་གྱི་མཐའ་མཚམས་ཕྱོགས་ཡོངས་ནས་མཐའ་བསྐོར་ཏེ་གནོན་ཤུགས་གང་འདྲ་སྤྲོད་ཐབས་བྱེད་ཀྱི་ཡོད་མེད། བོད་ནང་རྒྱ་གཞུང་གིས་དེང་རབས་འཛུགས་སྐྲུན་ལས་གཞི་ལ་ཁ་གཡར་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གང་འདྲ་གཏོར་སྐྱོན་གཏོང་གི་ཡོད་པ་དང་། རིག་གཞུང་བསྲེ་ལྷད་གཏོང་གི་ཡོད་པ་སོགས་ཀྱི་སྐོར་གནས་ཚུལ་བཀོད་འདུག 

རྩོམ་དེའི་ནང་བརྗོད་དོན་ལ། འདས་པའི་ལོ་འགའ་ཤས་ནང་རྒྱ་ནག་གིས་ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་གི་ཡོད་འདུག་པ་དང་། ཚོགས་འདུ་དེའི་བརྒྱུད་ནས་དང་པོ་འཛམ་གླིང་གི་མཐོ་སྒང་དུ་མ་འོངས་པར་༧གོང་ས་མཆོག་མེད་པའི་རྗེས་སུ་མངའ་ཁུལ་དེ་གཅིག་སྒྲིལ་བཟོ་ཐབས་ཀྱི་ཆེད་དང་། གཅིག་སྒྲིལ་ཐོག་དབང་སྒྱུར་བྱེད་ཐབས་བྱེད་ཀྱི་ཡོད་པ་ད་ལྟ་ནས་གསལ་པོ་ཆགས་བཞིན་ཡོད་པར་བརྗོད། གཉིས་པ། ཐབས་བྱུས་༣༦ ཟེར་བ་ནས་ཆུང་བ་དང་ལྷན་དུ་གཅིག་སྒྲིལ་བྱས་ནས་ཆེ་བ་འགོག་རྒོལ་བྱེད་དགོས་ཟེར་བའི་ཐབས་བྱུས་དེ་བེད་སྤྱོད་བྱས་ནས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་ལྷན་དུ་གཅིག་སྒྲིལ་བྱས་ནས་ལྡི་ལིའི་རྒྱ་གར་གཞུང་ལ་ཕྱོགས་ཡོངས་སུ་བསྐོར་ཏེ་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་པ། གསུམ་པ། དེང་རབས་འཛུགས་སྐྲུན་ལས་གཞི་ལ་ཁ་གཡར་ཏེ་བོད་མཐོ་སྒང་གི་ཁོར་ཡུག་གཏོར་སྐྱོན་བཏང་ནས་གོད་ཆག་ཡོང་རྒྱུའི་འཇིགས་སྐུལ་བྱེད་ཀྱི་ཡོད་པར་བརྗོད། 

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༨ ལོར་ཨ་རུ་ན་ཅལ་ཕར་ཕྱོགས་སུ་ཡོད་པའི་བོད་ནང་ཉིང་ཁྲི་ས་ཁུལ་དུ་རྒྱ་ནག་དང་བོད། ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཟེར་བའི་ཚོགས་འདུ་འཚོགས་ཡོད་འདུག་པ་དང་། ཚོགས་འདུ་ཐེངས་བཞི་པ་དེ་འདི་ལོའི་ཕྱི་ཟླ་༧ ནང་འཚོགས་ཡོད་འདུག ཚོགས་འདུ་དེའི་བརྒྱུད་ནས་རྒྱ་ནག་གཞུང་གི་སྐུ་མགྲོན་རྒྱལ་ཁབ་འདྲ་མིན་ནས་སྐད་བཏང་ཡོད་འདུག་ཅིང་། ཚོགས་འདུའི་ཐོག་བོད་ཀྱི་མིང་དེ་དབྱིན་ཡིག་ནང་ཡོད་པའི་(Tibet)ཏེ་པ་ཏེ་ཟེར་བ་དེ་(Xizang)ཤིས་ཙང་ལ་སྒྱུར་ཐབས་དང་། ཧི་མ་ལ་ཡའི་མཐའ་འཁོར་དུ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཚོའི་ནང་རྒྱ་ནག་གི་ཤུགས་རྐྱེན་སླེབ་ཐབས་བྱེད་ཀྱི་ཡོད་པར་བརྗོད། 

ཚོགས་འདུ་དང་པོའི་ནང་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་། པ་ཀི་སི་ཐན་སོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཡོད་འདུག་པ་དང་། སྐབས་དེ་དུས་དཔལ་འབྱོར་མཉམ་ལས་དང་ཡུལ་སྐོར་སྤྲོ་འཁྱམ་སྐོར་གྲོས་བསྡུར་བྱས་ཡོད་འདུག དེ་རྗེས་ཀྱི་ཚོགས་འདུ་གསུམ་དེ་སྐྱེ་ཁམས་འཁོར་ཡུག་སྐོར་འཚོགས་ཡོད་འདུག་པ་དང་། སྐབས་དེ་དུས་རྒྱ་ནག་གིས་བོད་མཐོ་སྒང་གི་ཁོར་ཡུག་གཏོར་སྐྱོན་ཚད་མེད་བཏང་ཡོད་པའི་སྣང་བརྙན་ཞིག་ཚོགས་འདུ་དེ་ནས་མཐོང་ཐུབ་ཀྱི་ཡོད་པ་རྩོམ་པ་པོས་བརྗོད། ཚོགས་འདུ་གསུམ་པ་དེ་ལོ་སྔོན་མའི་ཕྱི་ཟླ་༡༠ ནང་འཚོགས་ཡོད་འདུག་པ་དང་། སྐབས་དེ་དུས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་(Wang Yi )སླེབས་ནས་ད་ལྟ་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་མི་མཐུན་པའི་ལོག་འགྲེལ་དུ་མ་བྱས་ཡོད་འདུག  ཚོགས་འདུ་བཞི་པ་དེ་ཕྱི་ལོ་༢༠༢༣ ཟླ་བ་༧ ཚེས་༥ ཉིན་(Lulang)ཀླུ་ནང་ཟེར་བའི་ཉིང་ཁྲི་ས་ཁུལ་གྱི་གྲོང་སྡེ་ཞིག་ནང་འཚོགས་ཡོད་འདུག་པ་དང་། ཚོགས་འདུའི་ཐོག་བལ་ཡུལ་དང་། འབར་མ། སོག་པོ། འབྲུག པ་ཀི་སི་ཐན། ཤྲི་ལིང་ཁ་སོགས་རྒྱལ་ཁབ་༢༠ སླེབས་ཡོད་འདུག 

ཕྱི་ལོ་༢༠༢༠ ཟླ་༨ ནང་གྷལ་ཝན་ལུང་གཤོངས་ནང་རྒྱ་དཀར་ནག་གཉིས་ཀྱི་དམག་མི་གདོང་ཐུག་བྱུང་རྗེས་བོད་སྐོར་ཚོགས་འདུ་འཚོགས་ཡོད་འདུག་པ་དང་། ཚོགས་འདུའི་ཐོག་རྒྱ་ནག་དམར་ཤོག་གཞུང་གི་གནད་ཡོད་མི་སྣ་མང་པོ་ཡོང་ཡོད་ཅིང་། ཞི་ཅིན་ཕིང་ཡང་ཡོང་ནས་བོད་ནང་རྒྱ་བསྒྱུར་སྲིད་བྱུས་ལག་བསྟར་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པར་བརྗོད། སྲིད་བྱུས་དེའི་ཁོངས་སུ་བོད་ནང་རྒྱ་མི་ཕོན་ཆེན་པོ་གནས་སྤོ་ཡོང་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་ཤུགས་ཆེན་བྱེད་འགོ་བཙུགས་ཡོད་པ་རྩོམ་པ་པོས་བརྗོད། ད་དུང་རྩོམ་ཡིག་དེའི་ནང་ཕྱི་ལོ་༢༠༢༡ ཟླ་བ་༧ ནང་ཞི་ཅིན་ཕིང་ཉིང་ཁྲི་ས་ཁུལ་དུ་ཡོང་ནས་ཁྱོན་ཨ་སྒོར་ཐེར་འབུམ་༥་༦ ཙམ་བཏང་ནས་ཟི་ཁྲོན་ཞིང་ཆེན་དང་བོད་བར། མེ་འཁོར་ལྕགས་ལམ་གྱི་འཛུགས་སྐྲུན་ལས་གཞི་རྒྱ་ཆེན་སྤེལ་ནས་བོད་ཀྱི་ས་ཁུལ་ཡོངས་སུ་རྒྱ་ནག་གི་དབང་འོག་ཏུ་སྔར་ལས་ལྷག་པ་བསྡུ་ཐབས་ཆེད་འགྲོ་གྲོན་ཕོན་ཆེན་པོ་བཏང་ཡོད་པར་བརྗོད།
འཛུགས་སྐྲུན་ལས་གཞི་དེ་དག་ལ་བརྟེན་ནས་བོད་ནང་ཁྱོན་རྒྱ་མི་རིགས་ས་ཡ་༧་༥ ཙམ་ཡོང་ནས་བོད་རང་གི་ས་ཐོག་ཏུ་བོད་མི་རྣམས་གྲངས་ཉུང་མི་རིགས་སྒྱུར་བཞིན་ཡོད་ཅིང་། བོད་ནང་༧གོང་ས་མཆོག་གི་སྐུ་པར་དང་ཁ་ཕྲལ་རིང་ལུགས་པའི་བྱ་སྤྱོད་ལ་དམ་དྲག་བྱོས་ཟེར་བའི་སྲིད་བྱུས་ཤིག་ལག་བསྟར་བྱེད་འགོ་བཙུགས་ནས་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ། མ་འོངས་པར་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་སོགས་ཀྱི་གནས་ཚུལ་ཁྱབ་སྤེལ་ཤུགས་ཆེན་བྱེད་ཀྱི་ཡོད་པའི་སྐོར། དེ་བཞིན་བོད་ཀྱི་ས་མཚམས་དང་འབྲེལ་བའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱས་ཡོད་འདུག་པ་དང་། ས་མཚམས་སུ་ཁྱོན་གྲོང་གསེབ་༦༢༨ གསར་རྒྱག་བྱས་ཡོད་འདུག་ཅིང་། གྲོང་གསེབ་དེའི་ནང་དམིགས་བསལ་གྱིས་སྦྱོང་བརྡར་ཡོད་པའི་དམག་མི་དང་། སྤྱིར་བཏང་གི་དམག་མི་སོགས་ཡོད་འདུག མཐའ་མཚམས་ས་ཁུལ་དེ་དག་གི་ནང་རྒྱ་ནག་གིས་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་འདུག་པ་དང་། གལ་སྲིད་བོད་ནང་དང་ས་ཁུལ་གཞན་གྱི་ནང་ཆབ་སྲིད་ཀྱི་རྩོད་རྙོག་རིགས་བྱུང་ན་དུས་ཐོག་དམག་མི་གཏོང་རྒྱུའི་གྲ་སྒྲིག་ཆ་ཚང་བྱེད་བཞིན་ཡོད་པར་བརྗོད།
བོད་ནང་ད་ཆར་ལོ་ལྔའི་མཚམས་རེ་རེ་སྤེལ་བཞིན་པའི་ལས་གཞི་ཐེངས་༡༤ པ་དེ་སྤེལ་བཞིན་ཡོད་འདུག་ལ། ལས་གཞི་དེའི་ཁོངས་སུ་ཨ་སྒོར་ཐེར་འབུམ་༢༢ ཡིས་མེ་འཁོར་ལྕགས་ལམ་གསར་རྒྱག་དང་། གཞུང་ལམ་གསར་རྒྱག ནུས་ཤུགས་ཐོན་ཁུངས་ཀྱི་ལས་གཞི། དྲྭ་རྒྱ་འཛུགས་སྐྲུན། ཆུ་གློག་གསར་བཟོའི་ཆེད་དུ་གློག་ཁང་གསར་རྒྱག བོད་ཀྱི་འབྲོག་པ་རྣམས་གནས་སྤོ་བཅུག་ནས་གྲོང་སྡེ་གསར་རྒྱག་སོགས་ཀྱི་ལས་གཞི་སྤེལ་གྱི་ཡོད་པར་བརྗོད། 

ལས་གཞི་དེ་དག་ལ་བརྟེན་ནས་རྒྱལ་ནང་དང་ཕྱི་ཕྱོགས་སུ་ལོ་སྔོན་མར་ཡུལ་སྐོར་སྤྲོ་འཁྱམ་པ་ཁྱོན་ས་ཡ་༥༥ ཙམ་བོད་ནང་དུ་ཡོང་ཡོད་པར་བརྗོད་ཡོད་འདུག་ལ།  རྩོམ་པ་པོས་རྒྱ་ནག་གཞུང་གི་འཛུགས་སྐྲུན་དེ་དག་གིས་བོད་མཐོ་སྒང་གི་སྐྱེ་ཁམས་འཁོར་ཡུག་ལ་གཏོར་སྐྱོན་ཚད་མེད་གཏོང་གི་ཡོད་པ་དང་། དཔལ་འབྱོར་ཡར་རྒྱས་གཏོང་ཐབས་ལ་ཁ་གཡར་ནས་བོད་ནང་གི་གཏེར་ཁ་རིགས་༡༠༠ ཙམ་ཞིག་སྔོག་འདོན་བྱེད་ཀྱི་ཡོད་པ།  དེ་བཞིན་བོད་ཀྱི་ཆུ་བོ་རྣམས་རྒྱ་ནག་ཕྱོགས་སུ་ཁ་བསྒྱུར་ནས་རྒྱ་ནག་ནང་ནུས་ཤུགས་ཐོན་ཁུངས་ཡར་རྒྱས་གཏོང་ཐབས་བྱས་ནས་ས་ཁུལ་གཞན་དང་རྒྱ་གར་སོགས་ལ་ཆུ་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་ཅིང་། འཛུགས་སྐྲུན་ལས་གཞི་དེ་དག་གིས་རྐྱེན་པས་བོད་ནང་འཁྱག་རོམ་ཕོན་ཆེན་པོ་བཞུས་ནས་གནམ་གཤིས་འགྱུར་ལྡོག་ཆེན་པོ་འགྲོ་ཡི་ཡོད་པར་བརྗོད་འདུག
འོན་ཀྱང་། རྒྱ་ནག་གཞུང་གིས་ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགསཟེར་བ་ཞིག་འཚོགས་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཡག་པོ་ཡོད་ཚུལ་སོགས་བརྗོད་ནས་ལོག་འགྲེལ་བྱེད་ཀྱི་ཡོད་པར་བཤད། ད་དུང་ཚོགས་འདུའི་བརྒྱུད་ནས་རྒྱ་གར་གྱི་ཉེ་འཁོར་རྒྱལ་ཁབ་པ་ཀི་སི་ཐན་དང་། ཨབ་གྷ་ནི་སི་ཐན། བལ་ཡུལ། འབྲུག འབར་མ་སོགས་ལ་ཤུགས་རྐྱེན་སྤྲད་ནས་རྒྱ་གར་ལ་ཁ་གཏད་གཅོག་ཐབས་བྱེད་ཀྱི་ཡོད་པར་བརྟེན། རྒྱ་གར་གྱི་ངོས་ནས་ས་མཚམས་དེ་དག་ཁུལ་གྱི་སྲིད་བྱུས་ལ་འགྱུར་བ་ཞིག་བཏང་ནས་(an international Buddhist circuit)རྒྱལ་སྤྱིའི་ནང་པའི་བརྒྱུད་ལམ་ཟེར་བའི་ཨ་རུ་ན་ཅལ་ནང་དུ་ཡུལ་སྐོར་སྤྲོ་འཁྱམ་ཡོང་སའི་ལྟེ་གནས་སོགས་གསར་འཛུགས་བྱས་ནས་རྒྱ་ནག་གི་ལས་གཞི་དེ་དག་ལ་འགོག་རྒོལ་བྱེད་དགོས་པར་རྩོམ་པ་པོས་བརྗོད་འདུག། 

གསར་འགོད་པ། བསོད་ནམས་ཕུན་ཚོགས།

ཁྱེད་ཀྱིས་གཟིགས་མེད་སྲིད།