རྒྱ་གཞུང་གིས་ཨ་རིའི་གྲོང་ཁྱེར་ཁག་གི་ནང་དུ་ཞི་བའི་ངོ་རྒོལ་བ་རྣམས་ལ་དྲག་གནོན་བྱེད་རྒྱུར་རྒྱ་བསྐྱེད་གཏོང་བཞིན་ཡོད་འདུག
ད་ཆར་ཨ་རིའི་ནང་རྒྱ་རིགས་ཕོན་ཆེན་པོ་ཡོད་འདུག་པ་དང་། ཨ་རིའི་གྲོང་ཁྱེར་མང་པོའི་ནང་རྒྱ་རིགས་དེ་དག་བརྒྱུད་ནས་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་ལས་འགུལ་སྤེལ་མཁན་དག་ལ་རྒྱ་གཞུང་གིས་དྲག་གནོན་བྱེེད་རྒྱུར་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག ཕྱི་ཚེས་ ༣ ཉིན་(washingtonpost)གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ནང་ཡོད་པའི་རྒྱ་རིགས་དང་རྒྱ་ནག་གཞུང་གི་རོགས་རམ་འོག་ཡོད་པའི་ལས་ཁུངས་སོགས་མཉམ་འབྲེལ་གྱི་ཐོག་ནས། ཨ་རིའི་གྲོང་ཁྱེར་ཁག་ནང་ཡོད་པའི་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་ངོ་རྒོལ་བ་རྣམས་ལ་དྲག་གནོན་དང་འཇིགས་སྐུལ་བྱེད་རྒྱུར་ཤུགས་ཆེ་རུ་གཏོང་བཞིན་ཡོད་པར་བརྗོད་འདུག
དམིགས་བསལ་ལོ་སྔོན་མའི་ཕྱི་ཟླ་༡༡ ཚེས་༡༤ ནས་༡༧ བར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རི་ལ་ཡོང་དུས་རྒྱ་ནག་དང་ལག་འབྲེལ་ཡོད་མཁན་རྒྱ་རིགས་དག་གིས་ཞི་བའི་ངོ་རྒོལ་བ་རྣམས་ལ་དྲག་གནོན་བྱས་ཡོད་པར་བརྟེན། (washingtonpost)གསར་ཁང་གིས་ཟླ་བ་དྲུག་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཧོང་ཀོང་དམངས་གཙོ་ཚོགས་པ། རྒྱ་ནག་དམངས་གཙོ་སྲིད་དོན་ཚོགས་པ། དེ་བཞིན་ངོ་རྒོལ་གྱི་ལས་འགུལ་དེའི་ནང་ཡོད་པའི་མི་༣༥ ཙམ་ལ་བཅར་འདྲི་བྱས་པ་དང་། ཨ་རིའི་བདེ་སྲུང་ལས་ཁུངས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ། གཞན་ཡང་ཨ་རིའི་ནང་ཡོད་པའི་རྒྱ་རིགས་རྣམས་ཀྱིས་སྐད་འཕྲིན་ནང་བཏང་བའི་འཕྲིན་ཐུང་། གསར་འགྱུར་བརྒྱུད་ལམ་ཁག ཉེན་རྟོག་པས་གནས་ཚུལ་མཁོ་སྤྲོད་བྱས་པ་སོགས་ལ་ཞིབ་མཇུག་བྱས་ནས་བརྗོད་དོན།
ད་ཆར་ཨ་རིའི་གྲོང་ཁྱེར་མང་པོའི་ནང་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་བྱེད་རྒྱུ་མང་དུ་གཏོང་བཞིན་ཡོད་པ་དང་། ཐ་ན་ཨ་རིའི་གྲོང་ཁྱེར་ནང་ཡོད་པའི་ཨ་རིའི་མི་མང་ཐོག་ཀྱང་དྲག་གནོན་བྱེད་རྒྱུའི་དམིགས་ཡུལ་བཟུང་ཡོད་པར་བརྗོད། ད་ཆར་རྒྱ་ནག་གཞུང་གི་ངོས་ནས་བོད་དང་ཡུ་གུར། ཧོང་ཀོང་། རྒྱ་ནག་ནང་གཅིག་པུ་མ་ཡིན་པར་འཛམ་གླིང་གི་ས་ཕྱོགས་མང་པོའི་ནང་རྒྱ་ནག་དང་མི་མཐུན་པའི་ལྟ་སྤྱོད་འཛིན་མཁན་དག་ལ་དྲག་གནོན་བྱེད་ཐབས་བྱེད་བཞིན་པ་མཚོན་གྱི་ཡོད་པ་རེད་ཅེས་བརྗོད་འདུག དྲག་གནོན་བྱེད་མཁན་དག་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ཡོད་པའི་རྒྱ་ནག་གཞུང་དང་ལག་འབྲེལ་ཡོད་པ་དང་། དམིགས་བསལ་རྒྱ་ནག་གཞུང་གི་མཉམ་འབྲེལ་ལས་དོན་ལྷན་ཚོགས་དང་འབྲེལ་བ་ཡོད་པའི་རྒྱ་རིགས་ཚོགས་པ་སྐྱིད་སྡུག་ཁག་དང་། དེ་བཞིན་རྒྱ་ནག་གཞུང་འབྲེལ་གྱི་ལས་ཁུངས་དག་ཡིན་འདུག ཨ་རིའི་གཞུང་གི་ངོས་ནས་མི་མང་གི་ངོ་གདོང་ངོས་འཛིན་བྱེད་ཐུབ་པའི་འཕྲུལ་ཆས་ཤིག་བེད་སྤྱོད་བྱས་ནས། དེ་སྔོན་ངོ་རྒོལ་སྐབས་སུ་དྲག་གནོན་དང་མི་མང་རྡུང་རྡེག་བྱེད་མཁན་མང་པོ་ཞིག་ངོས་འཛིན་གསལ་པོ་ཐུབ་ཡོད་འདུག་ལ། ད་དུང་མི་མང་ཁྲོད་ཁ་རས་གྱོན་པ་དང་། མིག་ཤེལ་གྱོན་པ་སོགས་ངོས་འཛིན་གསལ་པོ་མི་ཐུབ་མཁན་ཡང་མང་པོ་ཡོད་འདུག འོན་ཀྱང་། ངོས་འཛིན་ཐུབ་པ་དག་ལ་འདྲི་བརྩད་བྱེད་བཞིན་ཡོད་པར་བརྗོད།
ལོ་སྔོན་མའི་ཕྱི་ཟླ་༡༡ ཚེས་༡༤ ནས་༡༧ བར་ཞི་ཅིན་ཕིང་ཨ་རིའི་ནང་ཡོང་དུས་ངོ་རྒོལ་བ་དང་རྒྱབ་སྐྱོར་བ་ཕྱོགས་གཉིས་ཀྱི་བར་གདོང་ཐུག་ཤོར་ཡོད་འདུག་པ་དང་། དེའི་ནང་རྒྱ་རིགས་རྒྱ་ནག་གཞུང་ལ་དགའ་མཁན་དག་གིས་ཞི་བའི་ངོ་རྒོལ་བ་གཞན་རྣམས་ལ་དབྱུག་པ་དང་རྫས། རྡོག་རྒྱག ཁུ་ཚུར་བཞུ་བ་སོགས་ཀྱིས་དྲག་གནོན་ཚབས་ཆེན་བྱས་ཡོད་པ་ཉམས་ཞིབ་པས་བརྗོད་ཡོད་འདུག གཞན་ཡང་རྒྱ་རིགས་ཀྱི་ཚོགས་པ་ཁག་གིས་ཞི་ཅིན་ཕིང་ཨ་རིའི་མངའ་སྡེ་(Los Angeles)དང་(San Francisco)ལ་ཡོང་དུས་སྲུང་སྐྱོབ་ཆེད་དུ་ཕོ་གསར་༦༠ གླས་ནས་གྲ་སྒྲིག་བྱས་ཡོད་འདུག་པ་དང་། སྲུང་སྐྱོབ་བྱེད་མཁན་མི་དེ་དག་གིས་ངོ་རྒོལ་བ་ལ་དྲག་གནོན་བྱས་ཡོད་པ་བརྙན་དེ་འདྲའི་ནང་ནས་ངོ་ཐག་གསལ་པོ་ཆོད་ཡོད་འདུག་ལ། ད་དུང་ཚོགས་པ་དེ་དག་གི་འགོ་ཁྲིད་མང་པོ་ཞིག་ངོས་འཛིན་གསལ་པོ་བྱུང་ཡོད་འདུག ནིའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་རིགས་དག་ནི་ཁོང་ཚོས་གྲ་སྒྲིག་བྱས་མེད་ཚུལ་དང་། ཁོང་ཚོ་དང་བླངས་ཡིན་ཚུལ་བརྗོད་འདུག ཨ་རིའི་མགྲིན་ཚབ་པ་(Vedant Patel) ཡིས་ཨ་རིའི་ནང་གི་མི་མང་ཚོས་རང་དབང་དང་དམངས་གཙོ་སྤྱད་ནས་ཞི་བའི་ངོ་རྒོལ་བྱེད་དུས་རྒྱ་མི་ཚོས་དྲག་གནོན་བྱས་པ་ནི་ཨ་རིའི་མི་མང་གི་རང་དབང་རྡོག་རོལ་བཏང་ཡོད་པས། ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་འདུག
ཨ་རིའི་ནང་གནས་སྡོད་ཁྲིམས་རྩོད་པ་(Gao Guangju)ཟེར་བ་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་ངོ་རྒོལ་བྱས་རྗེས་བྲོལ་བྱོལ་དུ་ཡོང་མཁན་རྒྱ་རིགས་ཤིག་གིས། ཞི་ཅིན་ཕིང་ཨ་རི་ལ་ཡོང་དུས་མི་མང་གིས་སྣེ་ལེན་གཟབ་རྒྱས་བྱེད་བཞིན་ཡོད་ཚུལ་གྱི་སྣང་བརྙན་དེ་རྒྱ་ནག་ནང་གི་མི་མང་ལ་སྟོན་ཐབས་བྱེད་ཀྱི་ཡོད་པ་དང་། རྒྱ་རིགས་མང་ཆེ་བ་ནི་རྒྱ་ནག་གཞུང་གིས་དངུལ་སྤྲད་ནས་གླས་པའི་མི་རྐྱང་རྐྱང་ཡིན་པར་བརྗོད་འདུག དྲག་གནོན་བྱེད་སའི་ཁྲོད་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་སྐྱབས་བཅོལ་བ་དེ་འདྲ་ཡང་ཡོད་འདུག་ལ། ཁོང་ཚོ་ངོ་རྒོལ་ཆེད་དུ་ཡོང་དུས་རྒྱ་ནག་གཞུང་གིས་གླས་པའི་རྒྱ་རིགས་ཕོ་གསར་རུ་ཁག་ཅིག་ཡོང་ནས་རུབ་བརྡུང་བྱས་ཏེ་སྨན་ཁང་དུ་ལྷག་ཡོད་འདུག ཨ་རིའི་མངའ་སྡེ་(Los Angele)ནང་གནས་སྡོད་རྒྱ་རིགས་ཚོང་པ་(Lu Qian)ལུས་ཆེན་ཟེར་བ་དེས་སྤྱི་སྤྱོད་རླངས་འཁོར་༢༠ དང་མགྲོན་ཁང་༤༠ གླས་ནས་རྒྱ་རིགས་༨༠༠ ཙམ་ཞིག་ཞི་ཅིན་ཕིང་ཡོང་དུས་སྣེ་ལེན་བྱེད་མཁན་སྐད་བཏང་ཡོད་འདུག
དེ་དག་ནི་ངོ་རྒོལ་བ་རྣམས་ལ་རྡུང་རྡེག་བྱེད་མཁན་དག་ཡིན་འདུག (Safeguard Defender)ཟེར་བའི་ཉམས་ཞིབ་པའི་ཚོགས་པ་ཞིག་གིས་བརྗོད་དོན་ལ། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་ནང་ཡོད་པའི་རྒྱ་རིགས་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་མཁན་གྱི་གནད་ཡོད་མི་སྣ་རྣམས་དང་འབྲེལ་བ་བྱས་ནས། རྒྱལ་ཁབ་དེ་དག་གི་ནང་དུ་ཡོད་པ་རྒྱ་ནག་གཞུང་ལ་མི་དགའ་མཁན་དང་ལྟ་སྤྱོད་མི་མཐུན་མཁན་དག་ལ་འཇིགས་སྐུལ་དང་རྡུང་རྡེག་བྱེད་རྒྱུའི་ལས་འགན་སྤྲོད་ཀྱི་ཡོད་པ་དང་། གཞན་ཨ་རིའི་ནང་ཡོད་པའི་རྒྱ་ནག་དང་ཨ་རིའི་ཚོང་དང་འབྲེལ་བའི་ཚོགས་པ་དཔེར་ན། (the Chinese American Federation)དང་ནིའུ་ཡོག་ནང་རྟེན་གཞི་བྱས་པ་(the American Chinese Commerce Association)ཨ་རིའི་རྒྱ་རིགས་ཚོང་དོན་ལྷན་ཚོགས་ཟེར་བ་སོགས་ཀྱི་འགོ་ཁྲིད་རྣམས་ལ་རྒྱ་གཞུང་གིས་རོགས་དངུལ་སྤྲད་ནས། ཁོང་ཚོས་རྒྱ་གཞུང་གི་ལས་དོན་མང་པོ་ཞིག་སྒྲུབ་ཀྱི་ཡོད་པར་བརྗོད་འདུག
ཞི་ཅིན་ཕིན་ཉིན་༤ རིང་ཨ་རིའི་ནང་ཚོགས་འདུའི་ཆེད་དུ་ཡོང་སྐབས་རྒྱ་ནག་གཞུང་གིས་གླས་པའི་རྒྱ་རིགས་དེ་དག་གིས་བོད་པ་དང་ཧོང་ཀོང་བ། ཡུ་གུར་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཀྱི་ངོ་རྒོལ་བ་དག་བཀག་ནས། ཞི་ཅིན་ཕིང་གིས་མི་མཐོང་བའི་ཆེད་དུ་རྒྱ་ནག་གི་དར་ཆ་དང་འཕྲེད་དར་ཆེན་པོ་དེ་འདྲ་འཕྱར་ཏེ་འགོག་ཐབས་བྱས་ཡོད་འདུག དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་ཡོད་པའི་བོད་པའི་བུ་མོ་ཚེ་ལྷ་ཡིས། ཞི་ཅིན་ཕིང་གི་ཉིན་དགུང་ཁ་ལག་ཨ་རིའི་ཚོང་པ་སྐད་གྲགས་ཅན་(Elon Musk)དང་(Tim Cook)སོགས་དང་ལྷན་དུ་ཟ་སའི་མགྲོན་ཁང་གི་མདུན་དུ་ཡོད་པའི་གློག་གི་ཀ་བ་ཞིག་ཏུ་འཛེགས་ནས་སྐད་འབོད་རྒྱག་དུས། རྒྱ་རིགས་ཚོས་མོ་ལ་འཇིགས་སྐུལ་དང་རྡུང་རྡེག་གཏོང་ཐབས་བྱས་ཡོད་འདུག དེ་བཞིན་ངོ་རྒོལ་བ་ཚོས་འཕྲེད་དར་ཐོག་སྒེར་གཅོད་པ་ཞི་ཅིན་ཕིང་ཁྱོད་ཀྱི་དུས་ཚོད་རྫོགས་སོང་། བོད་རང་བཙན་ཟེར་བའི་འཕྲེད་དར་འཁྱེར་དུས་རྒྱ་རིགས་ཚོས་འཕྲེད་དར་འཕྲོག་ཐབས་བྱེད་བཞིན་པའི་བརྙན་དང་པར་སོགས་ནང་མཐོང་རྒྱུ་ཡོད་འདུག
དེ་མཚུངས་བོད་པའི་ངོ་རྒོལ་བ་ཚོས་འཕྲེད་དར་དེ་ཁྱེར་ནས་ཁང་བརྩེགས་མཐོན་པོ་ཞིག་གི་ཕྱི་རུ་མར་འཕྱང་དུས་རྒྱ་རིགས་ཕོ་གསར་མང་པོ་ཞིག་ཡོང་ནས་བོད་པའི་ངོ་རྒོལ་བ་ཚོར་ཉེན་རྡུང་བཏང་བས་འགའ་ཤས་ལ་རྨས་སྐྱོན་ཕོག་ཡོད་འདུག་ལ། བོད་པའི་ལས་འགུལ་བ་ཞིག་ཁང་ཐོག་ནས་གཡུག་གྲབས་བྱས་ནས་འཇིགས་སྐུལ་བྱས་ཡོད་པ་སོགས་དཀའ་ངལ་ཆེན་པོ་སྤྲད་ཡོད་པར་བརྗོད་འདུག སྲིད་དོན་དཔྱད་བརྗོད་པ་དག་གིས་དེ་སྔོན་ཞི་ཅིིན་ཕིང་ཨ་རི་ལ་ཡོང་བ་ནི་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་བཟང་ཕྱོགས་སུ་འཁྲིད་ཐབས་བྱས་ཡོད་ཀྱང་། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ཧོང་ཀོང་སོགས་ནང་དྲག་གནོན་བྱེད་བཞིན་པ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ནང་དུ་ཡོད་པའི་བོད་པ་དང་ཧོང་ཀོང་བ། ཡུ་གུར་བ་སོགས་ལ་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་བྱེད་ཀྱི་ཡོད་པ་གསལ་པོ་ཆགས་པ་རེད་ཅེས་བརྗོད་འདུག མདོར་ན་ད་ཆར་རྒྱ་ནག་གཞུང་གིས་རྒྱ་ནག་གིས་བཙན་བཟུང་བྱས་པའི་ཡུལ་ལུང་དེ་དག་གཅིག་པོ་མ་ཡིན་པར། རྒྱ་མཚམས་ལས་བརྒལ་ནས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། བོད་པ། ཡུ་གུར་མི་རིགས། ཧོང་ཀོང་། ཐའེ་ཝན་མི་རིགས་སོགས་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་ལ་དྲག་གནོན་དང་འཇིགས་སྐུལ་བྱེད་རྒྱུ་མང་དུ་གཏོང་བཞིན་ཡོད་པ་ར་འཕྲོད་བྱུང་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།