རྒྱ་གཞུང་དང་དོལ་ཚོགས་ཀྱི་འཁྲབ་སྟོན།
ཉེ་ཆར་དོལ་རྒྱལ་ཚོགས་པའི་ཁོངས་མི་རྙིང་པ་ཚེ་བཀྲ་བླ་མ་ཟེར་བས་དོལ་ཚོགས་དང་རྒྱ་གཞུང་བར་གྱི་གསང་འབྲེལ་ཕྱིར་བསྒྲགས་བྱས་པ་དང་། དོལ་ཚོགས་ཀྱི་ངོས་ནས་༧གོང་ས་མཆོག་དང། མཁས་དབང་ཟམ་གདོང་རིན་པོ་ཆེ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༤༩ ཕྱི་ལོ་ ༢༠༡༥/༧/༡
ཉེ་ཆར་དོལ་རྒྱལ་ཚོགས་པའི་ཁོངས་མི་རྙིང་པ་ཚེ་བཀྲ་བླ་མ་ཟེར་བས་དོལ་ཚོགས་དང་རྒྱ་གཞུང་བར་གྱི་གསང་འབྲེལ་ཕྱིར་བསྒྲགས་བྱས་པ་དང་། དོལ་ཚོགས་ཀྱི་ངོས་ནས་༧གོང་ས་མཆོག་དང། མཁས་དབང་ཟམ་གདོང་རིན་པོ་ཆེ། སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ། སྐུ་སྒེར་དྲུང་ཆེ་རྟ་ར་བ། རིགས་སློབ་དབུ་འཛིན་བློ་བཟང་རྒྱ་མཚོ་བཅས་དགྲོང་རྒྱུའི་འཆར་གཞི་བཟོས་པ་དང། རིགས་སློབ་དབུ་འཛིན་དངོས་སུ་བཀྲོངས་ཐུབ་པ་སོགས་ཀྱི་གནས་ཚུལ་ཡང་ཕྱིར་བསྒྲགས་བྱས་པར་བརྟེན། གནད་དོན་འདི་ལ་མི་མང་གིས་དོ་སྣང་ཆེན་པོ་བྱས་ནས་ད་ལྟའི་ཆར་སྤྱི་ཚོགས་ནང་གླེང་གཞི་གཙོ་བོ་ཞིག་ཏུུ་གྱུར་འདུག ཁག་ཅིག་གིས་ཚེ་བཀྲ་བླ་མ་ཟེར་བ་རྒྱལ་གཅེས་དཔའ་བོ་ཡིན་པ་དང་བློས་གཏོང་ཆེན་པོ་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱེད་བཞིན་འདུག་ལ། ཁག་ཅིག་གིས་ཚེ་བཀྲ་བླ་མ་ཟེར་བ་མགོ་བདེ་དྲན་འཕྲུལ་ཧ་ཅང་ཆེན་པོ་ཞིག་ཡིན་སྟབས། ཁོ་རང་གི་དམིགས་ཡུལ་དང་འཆར་གཞི་ག་རེ་ཡིན་མིན་ལ་ཐེ་ཚོམ་དང་དོགས་པ་བྱེད་མཁན་ཡང་མང་པོ་འདུག
སྤྱི་ཡོངས་ནས་དོལ་ཚོགས་དང་རྒྱ་གཞུང་དབར་འབྲེལ་བ་ཆེན་པོ་ཡོད་པ་དང། དོལ་ཚོགས་ཀྱི་སྣེ་ཁྲིད་པ་ཁག་ཅིག་གིས་རྒྱ་གཞུང་གི་རྒྱུད་སྐུལ་འོག་བོད་པའི་སྤྱི་ཚོགས་ནང་མི་གསོད་ཁྲག་སྦྱོར་དང། ༧གོང་ས་མཆོག་ལ་ངོ་རྒོལ་མཚན་སྨོད་སོགས་འཁྲབ་སྟོན་སྣ་ཚོགས་བྱེད་བཞིན་པའི་གནས་ཚུལ་ཡོངས་གྲགས་ཡིན་ཡང། ད་ལན་རྒྱ་གཞུང་དང་དོལ་ཚོགས་དབར་དངོས་སུ་འབྲེལ་བ་འཇོག་མཁན་གྲས་ཀྱི་མི་གཅིག་གིས་དེའི་སྐོར་གྱི་གནད་དོན་ཁ་གསལ་བརྗོད་པར་བརྟེན། དོལ་ཚོགས་ཀྱི་འཁྲབ་སྟོན་དེ་རྒྱ་གཞུང་གི་བྱུས་འགོད་ཡིན་པ་དེ་བས་ཀྱང་གསལ་དུ་སོང་ཡོད། དོལ་རྒྱལ་གྱི་རྩོད་རྙོག་འདི་ཆོས་ཕྱོགས་ཀྱི་དད་མོས་ཁོ་ན་དང་འབྲེལ་བའི་གནད་དོན་ཞིག་ཡིན་ན་དེ་ཙམ་ཧང་སངས་དགོས་པ་ཞིག་མིན་ནའང། རྒྱ་གཞུང་གི་ཆབ་སྲིད་གཡོ་བྱུས་དང་འབྲེལ་བའི་ལས་འགུལ་ཞིག་ཏུ་གྱུར་ཟིན་པ་ནི་ཧ་ཅང་ཉེན་ཁ་ཆེ་བའི་གནས་ཚུལ་ཞིག་ཡིན། གནད་དོན་འདི་ནི་ད་ལྟའི་དུས་ཀྱི་རྩོད་རྙོག་ཆུང་ངུ་ཙམ་མིན་པར། བོད་པའི་སྤྱི་ཚོགས་ནང་མི་ཚེ་མི་རབས་ལ་ཐག་གཅོད་བྱེད་དཀའ་བའི་རྩོད་རྙོག་ཆེན་པོ་ཞིག་ཏུ་གྱུར་ཡོད།
ཕྱོགས་གཅིག་ནས་ཚེ་བཀྲ་བླ་མ་ཟེར་བའི་སྐད་ཆ་འདི་གཞི་ལ་བཞག་ནས་བཤད་ན། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང། སྐུ་ཚབ་སྐལ་བཟང་རྒྱལ་མཚན་གཉིས་ཐུག་འཕྲད་གྲོས་མོལ་ཡུན་རིང་བྱེད་ཡུལ་རྒྱ་གཞུང་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་གཞོན་པ་ཀྲུའུ་ཝེ་ཆོན་ཟེར་བ་དེ། དོལ་ཚོགས་ཀྱི་རྒྱབ་ཏུ་ཡོད་པའི་མི་སྣ་གཙོ་བོ་དེ་ཡིན་འདུག་པས། གནས་ཚུལ་འདིས་དོལ་རྒྱལ་གྱི་གནད་དོན་ཙམ་མ་ཡིན་པར། ད་བར་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་འདི་ཡང་རྒྱ་གཞུང་གི་མགོ་སྐོར་འོག་རྒྱུན་རིང་འཁྲབ་སྟོན་བྱས་པའི་ཟློས་གར་ཙམ་ཞིག་ཏུ་གྱུར་ཡོད་པ་གསལ་སྟོན་བྱས་འདུག། གནད་དོན་འདི་དང་ཉེ་ཆར་རྒྱ་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོ་ཟེར་བའི་ཡིག་ཆ་སོགས་ཀྱི་ཐོག་ནས་རྒྱ་དམར་གཞུང་གིས་བོད་ཀྱི་གནད་དོན་དང། ༧གོང་ས་མཆོག་ལ་འཛིན་པའི་སྲིད་བྱུས་གསལ་པོར་གྱུར་ཡོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མུ་མཐུད་རེ་བ་སྟོང་པ་རྒྱག་མི་འོས་པའི་དྲན་སྐུལ་ནན་པོ་ཞིག་ཏུ་ངོས་འཛིན་བྱེད་དགོས།
དོན་དམ་པར་རྒྱ་གཞུང་ལ་དགོས་པ་བོད་པའི་སྤྱི་ཚོགས་ནང་གི་རྩོད་རྙོག་དེ་ཁོ་ན་ཡིན་པ་ལས། དོལ་རྒྱལ་ཕྱོགས་གཏོགས་ཀྱི་མི་སྣ་དག་དགོས་མཁོ་མེད་ལ། དམ་སྲི་དོལ་རྒྱལ་ནི་དེ་བས་ཀྱང་དགོས་མཁོ་མེད། འོན་ཀྱང་བོད་པའི་སྤྱི་ཚོགས་ནང་འཁྲུག་གི་རྒྱུ་རྐྱེན་དུ་འགྱུར་སྲིད་པའི་གནད་དོན་གང་ཞིག་ཡིན་ཡང་དེ་རྒྱ་གཞུང་ལ་དགོས་པའི་ལག་ཆ་ཉག་གཅིག་ཏུ་གྱུར་ཡོད་པ་བཞིན། དོལ་ཚོགས་འདི་ཡང་རྒྱ་གཞུང་ལ་གནས་སྐབས་དགོས་པའི་ལག་ཆ་ཙམ་ཞིག་ཡིན། ད་དུང་བརྗོད་དགོས་པ་ཞིག་ལ་རྒྱ་གཞུང་གིས་དོལ་ཚོགས་དང་དེའི་རྗེས་འབྲངས་པ་དག་ལ་སྤྲད་པའི་དངུལ་དངོས་ཀྱི་ཁེ་ཕན་མང་པོ་ཞིག་དོལ་ཚོགས་ཀྱི་སྣེ་ཁྲིད་པ་གངས་ཅན་བླ་མ་ཟེར་བ་སོགས་ཟ་འདྲེ་ཁག་གིས་ཧམ་ཟ་བྱེད་པ་ལས། དོལ་རྒྱལ་བསྟེན་གསོལ་བྱེད་རྒྱུ་དེ་དད་མོས་དང་ལར་ཞེན་དུ་བརྩི་མཁན་དག་ལ་ཁེ་ཕན་དེ་རིགས་ཕལ་ཆེར་འཐོབ་མི་སྲིད་ལ། མི་འདི་དག་ནི་དོལ་རྒྱལ་ཁ་འཁྱེར་གྱི་འཁྲབ་སྟོན་པ་དག་གི་ལག་ཆ་ཙམ་དུ་གྱུར་ཡོད།
ཚེ་བཀྲ་བླ་མ་ཟེར་བའི་སྐད་ཆ་དེའི་ནང་ནས་༧གོང་ས་མཆོག་གིས་དབུས་བླ་ཆེན་ལྔ་དགྲོང་རྒྱུའི་འཆར་གཞི་ཡོད་པ་དེ་ཤེས་ཚུལ་བརྗོད་པ་རེད་ལ། རིགས་སློབ་དབུ་འཛིན་དང་དགེ་ཕྲུག་གཉིས་བཅས་དམར་གསོད་ཀྱང་བཏང་ཟིན་པ་རེད། ད་ལྟའི་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དོལ་རྒྱལ་ཁ་འཁྱེར་བ་དག་གི་ངོས་ནས་ཉེན་ཁ་ཆེ་ཚུལ་ཚེ་བཀྲ་བླ་མས་མ་བརྗོད་ཀྱང་གསལ་པོ་ཆགས་ཟིན་པ་དང། ཚེ་བཀྲ་བླ་མར་ལྷག་བསམ་དེ་སྔོན་མ་ནས་སླེབས་ཡོད་ན་རིགས་སློབ་འགན་འཛིན་དང། ཁོང་གི་སློབ་མ་གཉིས་དབུ་ཉེས་སུ་ཤོར་མེད་ཀྱང་སྲིད། མདོར་ན་བོད་པའི་སྤྱི་ཚོགས་ནང་མི་ཚེ་གཅིག་ལ་ཡག་པོ་འབའ་ཞིག་བྱས་ཀྱང། ཁག་འདོགས་ས་གཅིག་ལ་བརྟེན་ནས་ནག་རྐྱང་བཟོ་བ་དང། མི་ཚེ་གཅིག་ལ་བསམ་ངན་སྦྱོར་རྩུབ་མ་རབས་འབའ་ཞིག་བྱས་ཀྱང། བེད་སྤྱོད་ཡོད་པའི་གནས་ཚུལ་གཅིག་བྱུང་ཚེ་དཀར་རྐྱང་བཟོ་བ་ནི་སྤྱི་ཚོགས་ཀྱི་ཞན་ཆ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག།།