རྒྱ་གར་གྱི་གཞུང་ཚབ་ཟུར་པ་ཞིག་གིས་བྲིས་གནང་བའི་བོད་སྐོར་གྱི་དཔེ་དེབ་དང་འབྲེལ་བའི་གཏམ་བཤད།
ཉེ་ཆར་རྒྱ་གར་གྱི་གཞུང་ཚབ་ཟུར་པ་དང་། རྩོམ་པ་པོ་(Dilip Sinha)དྷི་ལིཔ་སིནྷ་ཡིས་བོད་སྐོར་གྱི་དཔེ་དེབ་གཅིག་བྲིས་གནང་འདུག་པ་དང་། དཔེ་དེབ་དེ་དང་འབྲེལ་ནས་དེ་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུག
ཕྱི་ཚེས་༡༤ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་རྒྱ་གར་གྱི་གཞུང་ཚབ་ཟུར་པ་དང་རྩོམ་པ་པོ་(Dilip Sinha)དྷི་ལིཔ་སིནྷ་ཡིས་ཉེ་ཆར་བྲིས་པའི་དཔེ་དེབ་(Imperial Games In Tibet)་བོད་ནང་བཙན་རྒྱལ་རིང་ལུགས་པའི་རྩེད་འགྲན་ཞེས་པའི་དཔེ་དེབ་དེ་དང་འབྲེལ་ནས་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་བྱས་འདུག སྐབས་དེ་དུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ། རྡ་སར་ཡོད་པའི་ཉམས་ཞིབ་ལྟེ་གནས་ཁང་ཁག་གི་ཉམས་ཞིབ་པ་དང་། གཞན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཉམས་ཞིབ་པ་བཅས་མི་མང་མང་པོ་འཛོམས་འདུག གཏམ་བཤད་ལས་རིམ་སྐབས་སུ་དཔེ་དེབ་རྩོམ་པ་པོ་ཁོང་གིས་རང་ཉིད་ནི་ལོ་རྒྱུས་ཉམས་ཞིབ་པ་ཞིག་མིན་ཡང་། སྲིད་དོན་ཚན་རིག་སྐོར་སློབ་སྦྱོང་བྱེད་མྱོང་ཡོད་པར་བརྟེན། ད་ཆར་བོད་ནི་རྒྱ་དཀར་ནག་གཉིས་ཀྱི་བར་དང་། རྒྱལ་སྤྱིའི་ཐོག་གླེང་སློང་མ་བྱས་རང་བྱས་ལྟ་བུར་གྱུར་ཡོད། རྒྱུ་མཚན་གཅིག་ནི་རྒྱ་ནག་ད་ཆར་འཛམ་གླིང་ཐོག་དམག་དང་དཔལ་འབྱོར་གཉིས་ཐད་ནས་སྟོབས་ཤུགས་ཧ་ཅང་ཆེན་པོ་ཆགས་བཞིན་པ་དང་། ཨ་རི་ལ་ཨུ་རུ་སུའི་མཉམ་འབྲེལ་རྒྱལ་ཁབ་ཁ་འཐོར་ཕྱིན་པ་ནས་བཟུང་ཁ་གཏད་གཅོག་ཐུབ་མཁན་མེད་ཀྱང་། ད་ཆར་རྒྱ་ནག་གིས་ཨ་རི་ལ་དཔལ་འབྱོར་དང་དམག་དོན་གཉིས་ཀྱི་ཐད་ནས་ཁ་གཏད་གཅོག་ཐུབ་ཀྱི་ཡོད་པར་བརྟེན། ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོད་ཆེད་དུ་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་མཉམ་རུབ་ཐོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་བྱེད་ཀྱི་ཡོད་པ་དང་། དེའི་ཁྲོད་ནས་བོད་ཀྱི་གནད་དོན་དེ་གླེང་སློང་ཡོང་གི་ཡོད། དམིགས་བསལ་ཉེ་ཆར་ཨ་རིའི་གཞུང་གིས་བོད་སྐོར་ཁྲིམས་འཆར་ཞིག་གཏན་འབེབས་གནང་བ་དེ་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད།
ཁྲིམས་འཆར་དེའི་ནང་ཨ་རིའི་ངོས་ནས་རྒྱ་ནག་གི་གནས་ཚུལ་རྫུན་མའི་རིགས་བཀག་འགོག་བྱེད་རྒྱུར་འཁོད་ཡོད་ཅིང་། དེ་ནི་བོད་ཀྱི་ལོ་རྒྱུས་སྐོར་རྒྱ་ནག་གིས་རྫུན་བཤད་བྱེད་ཀྱི་ཡོད་པ་དག་ལ་ཁ་གཏད་གཅོག་ཐབས་བྱེད་ཀྱི་ཡོད། ཁ་གཏད་གཅོག་དུས་གནས་ཚུལ་ངོ་མ་དེ་བཤད་ཐུབ་དགོས་པར་བརྟེན། བོད་པ་ཚོས་རང་ཉིད་ཀྱི་གནས་ཚུལ་ངོ་མ་དང་ལོ་རྒྱུས་བདེན་པ་དེ་བོད་པའི་ལོ་རྒྱུས་མཁས་པ་དང་། རྒྱལ་རབས་མཁས་པ་དག་གིས་ལན་འདེབས་བྱེད་ཐུབ་དགོས་རྒྱུ་ནི་ཧ་ཅང་གིས་གལ་ཆེན་པོ་ཡིན་པས། དམིགས་བསལ་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་རེད་ཅེས་དང་། ནང་པ་སངས་རྒྱས་པའི་ཆོས་དེ་རྒྱ་ནག་ནས་བོད་ལ་དར་བ་རེད། ཏཱ་ལའི་བླ་མ་ཞེས་པའི་མཚན་དེ་རྒྱ་ནག་གི་མིང་ཡིན་པ་ལས་སོག་པོའི་མ་རེད་ཅེས་པ་དེ་དག་ལ་ལན་འདེབས་ངེས་པར་དུ་བྱེད་དགོས་པ་རེད་ཅེས་བརྗོད་སོང་། དེ་བཞིན་ཁོང་གིས་ལོ་རྒྱུས་ཐོག་ཕྱིར་མིག་བལྟས་ན་དབྱིན་ཇི་དང་ཨུ་རུ་སུ། རྒྱ་ནག རྒྱ་གར་སོགས་ཀྱིས་བོད་ཀྱི་ཆབ་སྲིད་གནད་དོན་ཁྲོད་ཤུགས་རྐྱེན་ག་ཚོད་སྤྲད་ཡོད་མེད་དང་། གང་འདྲ་བྱས་ནས་བོད་ཀྱི་རང་དབང་རང་བཙན་ཤོར་ཡོད་མེད། མ་འོངས་པར་དུས་དང་མཐུན་པའི་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས་འཛིན་དགོས་པ་དང་། རྒྱ་གར་གྱི་རང་བཙན་འཐབ་རྩོད་ཁྲོད་ཕྱི་ལོ་༡༩༢༩ སྔོན་དུ་རྒྱ་གར་གྱིས་རང་བཙན་རྩོད་མྱོང་མེད་ཅིང་། རྗེས་སུ་སྲིད་བློན་ནེ་རུ་ཀོང་རེ་སིའི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཆགས་རྗེས་རྒྱ་གར་ལ་རང་བཙན་དགོས་པའི་དགོས་འདུན་བཏོན་ཡོད་ཀྱང་། རྒྱ་གར་དུ་དབྱིན་ཇིའི་གཞུང་གི་ནང་ལས་ཀ་བྱེད་མཁན་རྒྱ་གར་བ་དག་གིས་འདོད་མོས་བྱས་མེད་པ་དང་། འདོད་མོས་མི་བྱེད་པའི་རྒྱུ་མཚན་ནི་ཁོ་རང་ལ་ལས་ཀ་ཡག་པོ་ཡོད་ཅིང་། འཚོ་གནས་ཡག་པོ་ཡོད་པ་སོང་ཙང་འདོད་མོས་བྱས་མེད་ཀྱང་། ཕྱིས་སུ་དུས་ཀྱི་འགྱུར་བ་དང་འགོ་ཁྲིད་ཀྱི་ནུས་པ་ལ་བརྟེན་ནས་རྒྱ་གར་རང་བཙན་རྩོད་རྒྱུ་འགོ་འཛུགས་བྱས་ཡོད། དེ་བཞིན་བོད་པ་ཚོས་མ་འོངས་པར་དུས་ཀྱི་འགྱུར་བ་དང་མཐུན་པའི་ཐོག་ནས་ལག་ལེན་བསྟར་དགོས་པར་བརྗོད།
ད་དུང་ཁོང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གླེང་སློང་བྱེད་རྒྱུ་གལ་ཆེ་ཡིན་ཡང་། དེ་ལས་རྒྱ་གར་ནང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བོད་ཀྱི་ལོ་རྒྱུས་ངོ་མ་དེ་ངོ་སྤྲོད་བྱེད་ཐུབ་དགོས་པ་དང་། མི་མང་གི་རྒྱབ་སྐྱོར་ཐོག་ནས་བོད་དོན་འཐབ་རྩོད་བྱས་ན་ནུས་པ་ཆེ་བ་ཐོན་སྲིད་པར་བརྗོད་སོང་།
གསར་འགོད་པ། བསོད་ནམས་ཕུན་ཚོགས།