རྒྱ་གར་གྱི་གྲོང་ཁྱེར་ཆེ་ཤོས་གྲས་ཤིག་ལ་ཆུའི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་འདུག
རྒྱ་གར་གྱི་གྲོང་ཁྱེར་ཆོ་ཤོས་གྲས་སུ་ཚུད་པའི་ལྷོ་ཕྱོགས་ཆེ་ནཱེ་གྲོང་འཁྱེར་ནས་ས་འོག་གི་ཆུ་སྐམ་བཞིན་ཡོད་ཁར། ཆར་ཆུ་གསོག་འཇོག་ཡག་པོ་བྱེད་ཐུབ་མེད་རྐྱེན། མི་མང་ས་ཡ་མང་པོར་ཆུའི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་ཡོད་འདུག་པ་དང་། གནམ་གཤིས་ཀྱང་ཚ་བ་ཆེན་པོ་སྟོན་བཞིན་པས། དཀའ་ངལ་དེ་ཛ་དྲག་ཆགས་ཡོད་འདུག
རྒྱ་གར་གྱི་གྲོང་ཁྱེར་ཆོ་ཤོས་གྲས་སུ་ཚུད་པའི་ལྷོ་ཕྱོགས་ཆེ་ནཱེ་གྲོང་འཁྱེར་ནས་ས་འོག་གི་ཆུ་སྐམ་བཞིན་ཡོད་ཁར། ཆར་ཆུ་གསོག་འཇོག་ཡག་པོ་བྱེད་ཐུབ་མེད་རྐྱེན། མི་མང་ས་ཡ་མང་པོར་ཆུའི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་ཡོད་འདུག་པ་དང་། གནམ་གཤིས་ཀྱང་ཚ་བ་ཆེན་པོ་སྟོན་བཞིན་པས། དཀའ་ངལ་དེ་ཛ་དྲག་ཆགས་ཡོད་འདུག
ཟླ་༦ པའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། མི་མང་ས་ཡ་༤ ལས་མང་བ་གནས་སྡོད་བྱེད་ཡུལ་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཏཱ་མིལ་ན་ཌོའི་རྒྱལ་ས་ཆེ་ནཱེ་ཡི། ཆུའི་བང་མཛོད་ཆེན་པོ་བཞི་ཡོད་པ་རྣམས་སྟོང་པ་ཆགས་རན་ཡོད་ཁར། ས་འོག་གི་ཆུ་སྐམ་བཞིན་ཡོད་པའི་ཐོག ཆར་ཆུ་གསོག་འཇོག་ཡག་པོ་བྱེད་ཐུབ་མེད་པས། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཤོས་དྲུག་པའི་ནང་གནས་སྡོད་བྱེད་མཁན་མི་མང་ཚོས། ཉིན་མོར་ཚ་བ་ཆེན་པོའི་འོག་ཏུ་བང་བསྒྲིགས་ནས་ཆུ་ལེན་དགོས་ཀྱི་ཡོད་ཁར། གྲོང་ཁྱེར་ནང་གི་མགྲོན་ཁང་དང་ཟ་ཁང་མང་པོ་ཞིག་སྒོ་རྒྱག་དགོས་ཁེལ་ཡོད་འདུག
གྲོང་ཁྱེར་ནང་གནས་སྡོད་བྱེད་མཁན་གྱི་མགྲོན་ཁང་བདག་པོ་ཁག་ཅིག་གིས། མངའ་སྡེའི་ས་གནས་གཞན་ནས་སྒེར་གྱི་ཆུ་དབོར་འདྲེན་བྱེད་མཁན་གྱི་རླངས་འཁོར་ལ་ཧིན་སྒོར་༦༠༠༠ རེ་སྤྲད་ནས་ཆུ་དབོར་འདྲེན་བྱེད་བཞིན་ཡོད་ཁར། ཕྱུག་བདག་ཚོས་ཀྱང་དེ་ལྟར་བྱེད་བཞིན་ཡོད་འདུག་ཀྱང་། དབུལ་གྲོང་ནང་གནས་སྡོད་བྱེད་མཁན་མི་མང་འབུམ་མང་པོ་གཞུང་གི་ཆུ་མཁོ་སྤྲོད་ལས་གཞི་ལ་བརྟེན་ནས་བསྡད་ཡོད་འདུག དེ་བཞིན་གཞུང་གི་ཆུ་དབོར་འདྲེན་བྱེད་མཁན་རླངས་འཁོར་གླ་མཁན་མང་པོ་ཡོད་འདུག་པས། ཟླ་བ་གཅིག་ལྷག་སྒུག་དགོས་པ་ཡང་འབྱུང་གི་ཡོད་འདུག་པས། ད་ལྟའི་ཆར་མི་མང་ག་ཚོད་ཆུ་གཅིག་ཀྱང་མེད་པར་འཚོ་བ་སྐྱེལ་བཞིན་ཡོད་པ་ཤེས་ཐབས་བྲལ་བ་ཡིན་འདུག
ཕྱི་ལོ་༢༠༡༡ ལོར་གྲོང་ཁྱེར་དེའི་ནང་མི་འབོར་ཞིབ་བཤེར་བྱས་པའི་གྲུབ་དོན་དུ་མི་མང་ས་ཡ་༤.༦ གནས་སྡོད་བྱེད་བཞིན་འདུག་པས། ད་ལྟའི་ཆར་དེ་ལས་མང་བ་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༡༧ ལོར་གཞུང་གི་ཆུ་མཁོ་སྤྲོད་ལ་བརྟེན་མཁན་ཁྱིམ་ཚང་འབུམ་༦ ལས་མང་བ་ཡོད་ཁར། དབུལ་གྲོང་ནང་གནས་སྡོད་བྱེད་མཁན་མི་མང་འབུམ་༨ ལས་མང་བར་ཆུའི་ཆ་རྐྱེན་ཡག་པོ་མེད་པས། ད་ལྟ་འགྲོ་བཞིན་པའི་དཀའ་ངལ་ལ་བརྟེན་ནས་སྒེར་གྱི་ཆུ་མཁོ་སྤྲོད་པ་ལས་ཆུ་ཉོ་བའི་དངུལ་མེད་ཁར། གཞུང་གི་མཁོ་སྤྲོད་བྱེད་བཞིན་པའི་ཆུའི་ཚད་གཞི་ནི་ཉུང་ཉུང་ཡིན་པ་དང་། དཀའ་ངལ་ཆེ་ཤོས་འཕྲད་བཞིན་ཡོད་འདུག
རྒྱ་གར་ནང་ལོ་ལྟར་ཐན་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཁར། ཐེངས་འདིར་ཆེ་ནཱེ་གྲོང་ཁྱེར་ནང་ཆུའི་དཀའ་ངལ་དང་མཉམ་དུ་གནམ་གཤིས་ཤིན་ཏུ་ཚ་བོ་ཡོད་འདུག་པས། མིའི་འཕྲོད་བསྟེན་དང་ཁོར་ཡུག་གི་གཙང་སྦྲ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་འདུག་ཀྱང་། གྲོང་ཁྱེར་དེའི་ཆུའི་དཀའ་ངལ་དེ་མངའ་སྡེའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཆགས་ནས། ཕྱོགས་འགལ་ཚོགས་པས་གཞུང་འཛིན་ཚོགས་པའི་སྣང་མེད་ལ་བརྟེན་ནས་དཀའ་ངལ་འབྱུང་བའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། གཞུང་འཛིན་ཚོགས་པས་ཐན་པ་དང་ཆར་དུས་ཐུང་དྲག་པའི་རྐྱེན་གྱིས་ས་འོག་ཆུ་སྐམ་ནས་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ཆུ་མཁོ་སྤྲོད་བྱེད་ཐབས་གང་ཡོང་བྱེད་བཞིན་ཡོད་པས། གསར་འགྱུར་བརྒྱུད་ལམ་ཚོས་དཀའ་ངལ་ཆེ་རུ་བཏང་ནས་གནས་ཚུལ་རྫུན་མ་སྤེལ་མི་རུང་སྐོར་བརྗོད་འདུག
འབྱུང་འགྱུར་རྒྱ་གར་གྱི་གྲོང་ཁྱེར་ལྡི་ལི་དང་བྷེང་ལོར། ཧེ་ཌར་བྷ་ཌ་སོགས་ཀྱི་ནང་དུ་གནས་སྡོད་བྱེད་མཁན་མི་མང་ས་ཡ་༡༠༠ ལྷག་ས་འོག་གི་ཆུ་གཏན་དུ་སྐམ་ནས་འཚོ་བ་སྐྱེལ་དགོས་པ་ཆགས་རྒྱུ་ཡིན་ཁར། གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཆར་པ་ག་དུས་འབབ་མིན་ངེས་གཏན་མེད་པས། མ་འོངས་པར་ཆུའི་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་སྐོར་རྒྱ་གར་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་སྙན་ཐོའི་ནང་བཀོད་འདུག
རྒྱ་གར་གྱི་ཁྱིམ་ཚང་བཞི་ཆ་གཅིག་ལ་མ་གཏོགས། ཁྱིམ་དུ་འཐུང་ཆུའི་ཆ་རྐྱེན་མེད་འདུག་པས། ལོ་ལྟར་མི་མང་འབུམ་༢ ལྷག་ཆུ་ཉུང་དྲག་པའམ་ཆུ་འབག་བཙོག་གི་དཀའ་ངལ་ལ་བརྟེན་ནས་ཚེ་སྲོག་ཤོར་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།