རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ནས་རྩོད་རྙོག་ཅན་གྱི་ཁྲིམས་ཤིག་གནས་སྐབས་ནུས་མེད་བཟོས་འདུག
རྒྱ་གར་དབྱིན་ཇིའི་མངའ་འོག་ཏུ་ཡོད་དུས་ནས་ཡོད་པའི་སྲིད་གཞུང་མགོ་རྟིང་སློག་པའི་བྱ་སྤྱོད་ཀྱི་ཁྲིམས་དེ་ད་དུང་ཡང་མང་གཙོའི་ལམ་ལུགས་ཀྱི་རྒྱ་གར་ནང་དུ་ལག་བསྟར་བྱེད་བཞིན་ཡོད་ཁར། ཕལ་ཆེ་བ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོའི་མགོ་གནོན་ཆེད་དུ་བེད་སྤྱོད་བྱེད་བཞིན་ཡོད་པས། ཆེས་མཐོའི་ཁྲིམས་ཁང་གིས་གནས་སྐབས་རིང་ཁྲིམས་དེ་ནུས་མེད་བཟོས་ཡོད་འདུག
རྒྱ་གར་དབྱིན་ཇིའི་མངའ་འོག་ཏུ་ཡོད་དུས་ནས་ཡོད་པའི་སྲིད་གཞུང་མགོ་རྟིང་སློག་པའི་བྱ་སྤྱོད་ཀྱི་ཁྲིམས་དེ་ད་དུང་ཡང་མང་གཙོའི་ལམ་ལུགས་ཀྱི་རྒྱ་གར་ནང་དུ་ལག་བསྟར་བྱེད་བཞིན་ཡོད་ཁར། ཕལ་ཆེ་བ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོའི་མགོ་གནོན་ཆེད་དུ་བེད་སྤྱོད་བྱེད་བཞིན་ཡོད་པས། ཆེས་མཐོའི་ཁྲིམས་ཁང་གིས་གནས་སྐབས་རིང་ཁྲིམས་དེ་ནུས་མེད་བཟོས་ཡོད་འདུག
ཟླ་༥ པའི་ཚེས་༡༡ ཉིན་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས། ཕྱི་ལོ་༡༨༧༠ ལོར་དབྱིན་ཇིའི་གཞུང་གིས་རྒྱ་གར་གྱི་རང་བཙན་འཐབ་རྩོད་པའི་འགོ་ཁྲིད་ཚོའི་མགོ་གནོན་ཆེད་དུ་གཏན་འབེབས་བྱས་པའི་སྲིད་གཞུང་མགོ་རྟིང་སློག་པའི་ཁྲིམས་(sedition law) དེ་གནས་སྐབས་རིང་ནུས་མེད་བཟོས་པའི་བཀའ་རྒྱ་བཏང་ནས། རྒྱ་གར་གཞུང་ལ་ད་ལྟའི་ཆར་ཁྲིམས་དེའི་འོག་ཉེས་འཛུགས་འགྲོ་བཞིན་པའི་ཁྲིམས་ཀྱི་ཉན་ཞིབ་ཚང་མ་གནས་སྐབས་རིང་མཚམས་འཇོག་དགོས་པ་དང་། ཁྲིམས་དེའི་འོག་ཏུ་བཙོན་ཁང་ནང་བཅུག་ཡོད་པའི་བཙོན་པ་ཚོས་ཁྲིམས་ཁང་ནས་གཏའ་དངུལ་ཐོག་གློད་གྲོལ་ཐོབ་ཆེད་དུ་ཞུ་སྙན་རྒྱག་ཆོག་སྐོར་བརྗོད་འདུག
དེ་ཡང་ཆེས་མཐོའི་ཁྲིམས་ཁང་དུ་སྲིད་གཞུང་མགོ་རྟིང་སློག་པའི་ཁྲིམས་དེ་ནི་མང་གཙོའི་ལམ་ལུགས་ནང་ཁྲིམས་མཐུན་རང་བཞིན་མིན་པའི་ཞུ་གཏུག་བྱས་ཡོད་འདུག་པ་དང་། ཆེས་མཐོའི་ཁྲིམས་ཁང་གིས་ཞུ་གཏུག་དེའི་ཉན་ཞིབ་ཀྱི་ལས་དོན་མ་རྫོགས་པའི་བར་དུ་གཞུང་གིས་ཁྲིམས་དེའི་འོག་ཏུ་ཉེས་འཛུགས་དེབ་སྐྱེལ་མི་བྱེད་པའི་བཀའ་རྒྱ་བཏང་ཡོད་པ་རེད།
ཁྲིམས་དེར་སྐྱོན་བརྗོད་བྱེད་མཁན་ཚོས་བརྗོད་དོན་ལ། ད་བར་རྒྱ་གར་གྱི་སྲིད་གཞུང་རིམ་པས་ཁྲིམས་དེ་བེད་སྤྱོད་བཏང་ནས། གཞུང་ལ་སྐྱོན་བརྗོད་བྱེད་མཁན་གྱི་སྲིད་དོན་མི་སྣ་དང་ལས་འགུལ་བ། ཁྲིམས་རྩོད་པ། གསར་འགོད་པ། སློབ་མ། མི་མང་དཀྱུས་མ་སོགས་ཀྱི་མགོ་གནོན་ཐབས་བྱས་ཡོད་པ་དང་། མང་པོ་ཞིག་དེའི་འོག་ཏུ་བཙོན་འཇུག་བྱས་ཡོད་པས། མང་གཙོའི་ལམ་ལུགས་ནང་ཁྲིམས་དེ་ཁྲིམས་མཐུན་ཞིག་ཆགས་ཀྱི་མེད་པས། ནུས་མེད་བཟོ་དགོས་སྐོར་བརྗོད་བཞིན་འདུག
ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་དེའི་ཁ་གཏད་དུ་ཞུ་གཏུག་བྱེད་མཁན་ཚོའི་ཁྲིམས་རྩོད་པ་ནི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཀོང་རཱེ་སིའི་འགོ་ཁྲིད་རྒན་གྲས་ཀཱ་པིལ་སཱི་བྷལ་ཡིན་འདུག་པ་དང་། ཁོང་གིས་ཆེས་མཐོའི་ཁྲིམས་ཁང་དུ་ད་ལྟའི་ཆར་རྒྱ་གར་ཡོངས་སུ་སྲིད་གཞུང་མགོ་རྟིང་སློག་པའི་ཁྲིམས་དེའི་འོག་ཏུ་ཁྲིམས་གཏུག་༨༠༠ ལས་མང་བ་ཞིག་ཁྲིམས་ཐག་མ་ཆོད་པར་ལྷག་བསྡད་ཡོད་པ་དང་། མི་གྲངས་༡༣༠༠༠ ལས་མང་བ་བཙོན་ཁང་དུ་ཡོད་སྐོར་བརྗོད་འདུག
དེ་ཡང་རྒྱ་གར་གཞུང་དང་སྲིད་དོན་མི་སྣར་སྐྱོན་བརྗོད་བྱས་ནས་སྲིད་གཞུང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་འཛུགས་བྱེད་ཡུལ་རྒྱ་གར་མི་སེར་༤༠༥ ཁོངས་ནས་མང་ཆེ་བ་ནི། ཕྱི་ལོ་༢༠༡༤ ལོར་བྷི་ཇི་བྷི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་པའི་རྗེས་སུ་བྱུང་བ་ཞིག་ཡིན་འདུག
རྒྱ་གར་གཞུང་གིས་ཐོག་མར་ཁྲིམས་དེ་སྲུང་སྐྱོབ་བྱས་འདུག་ཀྱང་། རྗེས་སུ་ཁྲིམས་དེར་བསྐྱར་ཞིབ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
ཁྲིམས་དེ་དང་འགལ་ཚེ་མི་ཞིག་ལ་དངུལ་གྱི་ཉེས་ཆད་དམ་བཙོན་འཇུག་རིང་ཤོས་ལ་ཚེ་བཙོན་གྱི་ཉེས་ཆད་མ་ཟད། གཉིས་ཀ་འཕོག་སྲིད་པ་རེད་འདུག ཕྱི་ལོ་༡༩༦༢ ལོར་ཆེས་མཐོའི་ཁྲིམས་ཁང་གིས་ཁྲིམས་དེ་བེད་སྤྱོད་གཏོང་ལུགས་ཚད་བཀག་བཟོས་འདུག་ཀྱང་། སྐྱོན་བརྗོད་བྱེད་མཁན་ཚོས་བརྗོད་དོན་ལྟར་ན། གཞུང་གིས་ཚད་བཀག་དེ་དག་ལས་བརྒལ་ནས་ཁྲིམས་དེ་གང་བྱུང་བེད་སྤྱོད་གཏོང་གི་ཡོད་འདུག
རྒྱ་གར་གྱི་ཁྲིམས་གཏུག་ལས་རིམ་རྒྱུན་རིང་ཡོད་པ་དང་། ཁྲིམས་དེའི་འོག་ཏུ་ཉེས་འཛུགས་བྱས་པའི་མི་རྣམས་ཀྱིས་དུས་སྐབས་དེའི་རིང་སྒེར་གྱི་ཕྱི་སྐྱོད་ལག་ཁྱེར་རྩིས་སྤྲོད་བྱེད་དགོས་པ་དང་། གཞུང་གི་ལས་གནས་ཆེད་དུ་སྙན་ཞུ་རྒྱག་ཆོག་གི་མེད་པ། ཁྲིམས་ཁང་གིས་ག་དུས་འབོད་འགུག་བྱས་ན་དེ་དུས་ཡོང་དགོས་ཀྱི་ཡོད་འདུག
ཉེ་བའི་ལོ་ཤས་ནས་རྒྱ་གར་ནང་གཞུང་འཛིན་སྲིད་དོན་ཚོགས་པ་དང་དེ་འབྲེལ་གྱི་མངའ་སྡེ་ཁག་གི་སྲིད་གཞུང་ཚོས། རང་ལ་སྐྱོན་བརྗོད་བྱེད་མཁན་ནམ་རང་གི་བསམ་བློ་དང་མི་མཐུན་པ་ཚོར་ཁྲིམས་དེའི་འོག་ཏུ་སློབ་མ་དང་ལས་འགུལ་བ། སྲིད་དོན་མི་སྣ་སོགས་མང་པོ་ཞིག་ལ་ཉེས་འཛུགས་བྱས་པའི་གནས་ཚུལ་མང་པོ་ཐོན་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།