རྒྱ་གར་གྱི་མངའ་སྡེ་ཀེ་ར་ལའི་ནང་ནད་དུག་ཅིག་ཁྱབ་གདལ་འགྲོ་བཞིན་ཡོད་འདུག
རྒྱ་གར་གྱི་མངའ་སྡེ་ཀེ་ར་ལའི་ནང་ནད་དུག་ཅིག་ཁྱབ་གདལ་འགྲོ་བཞིན་ཡོད་འདུག་པ་དང་། བྱིས་པ་ལོ་༡༤ ཅན་ཞིག་ནད་དུག་དེས་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད་འདུག་པས། ཀེ་ར་ལའི་ནང་ཡོད་པའི་མི་མང་ཚོས་གཟབ་གཟབ་བྱེད་རྒྱུ་གལ་ཆེན་ཡིན་པར་གཞུང་གིས་བརྗོད་ཡོད་འདུག
ཕྱི་ཚེས་༢༢ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་འཕྲོད་བསྟེན་ལྷན་ཁང་གིས་ཉེ་ཆར་ཀེ་ར་ལའི་ནང་བྱིས་པ་ལོ་༡༤ ཅན་ཞིག་(Nipah virus)ཟེར་བའི་ནད་དུག་ཕོག་ནས་འདས་གྲོངས་སུ་གྱུར་ཡོད་པར་བརྗོད་ཡོད་འདུག་ལ། འཕྲོད་བསྟེན་ལྷན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ད་ལྟ་ཀེ་ར་ལའི་ནང་ཁྱོན་མི་༦༠ ཙམ་ལ་ནད་དུག་དེ་ཕོག་ནས་སྨན་བཅོས་བྱེད་བཞིན་ཡོད་པར་རྗོད་ཀྱི་ཡོད་འདུག མངའ་སྡེའི་འཕྲོད་བསྟེན་བློན་ཆེན་(Veena George)་ཟེར་བ་ཁོང་གིས། བྱིས་པ་རང་ལོ་༡༤ ཅན་ཞིག་འདས་གྲོངས་སུ་གྱུར་ཡོད་པ་དང་། གཞན་ནད་དུག་དེ་ཕོག་མཁན་དག་ཟུར་བཀག་བྱས་ཡོད་པར་བརྗོད་འདུག ནད་དུག་དེ་(Pandikkad)་ཟེར་བའི་གྲོང་སྡེ་ཞིག་ནང་བྱུང་ཡོད་འདུག་པ་དང་། གྲོང་སྡེའི་ནང་ཡོད་པའི་མི་ཚོགས་མང་པོ་འཛོམས་སར་ཁ་རས་གྱོན་དགོས་པ་དང་། ཚ་བ་འབར་བ་དང་། མགོ་ན་བ། ཤ་གནད་ཟུག་རྒྱག་པ། སྐྱུག་པ། མགྲིན་པ་ན་བ་སོགས་ཀྱི་ནད་རྟགས་རིགས་བྱུང་ཚེ་ངེས་པར་དུ་སྨན་ཁང་དུ་ཡོང་དགོས་པའི་བརྡ་ཁྱབ་བཏང་འདུག ནད་དུག་དེ་གཙོ་བོ་ཕག་པའི་རིགས་ནས་བྱུང་བ་ཞིག་ཡིན་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནད་དུག་དེ་ཕོག་མཁན་གྱི་ནད་པའི་ཁ་ལག་དང་། ཕན་ཚུན་ཐུག་པ་ལ་བརྟེན་ནས་ནད་དུག་དེ་འགོ་ཡི་ཡོད་པར་བརྗོད་འདུག ཕྱི་ལོ་༢༠༡༨ ལོར་ནད་དུག་དེ་ཐོག་མར་ངོས་འཛིན་བྱུང་ཡོད་པ་དང་། ད་བར་ནད་དུག་དེ་ལ་བརྟེན་ནས་ཀེ་ར་ལའི་མངའ་སྡེའི་ནང་མི་མང་པོ་འདས་གྲོངས་སུ་གྱུར་ཡོད་འདུག ལོ་སྔོན་མར་(Reuters)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཀེ་ར་ལའི་མངའ་སྡེའི་ནང་ཤིང་ནགས་ཧ་ཅང་ཕོན་ཆེན་པོ་ཞིག་མེད་པ་བཟོས་ནས་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་པའི་རྐྱེན་གྱིས། རི་སྐྱེས་སྲོག་ཆགས་མང་པོ་ཞིག་གནས་ས་མེད་པས་མི་དང་ཐག་ཉེ་བོར་གནས་ཀྱི་ཡོད་པར་བརྟེན། ནད་དུག་དེ་ཁྱབ་གདལ་ཕྱིན་པ་རེད་ཅེས་བརྗོད་ཡོད་འདུག དེ་བཞིན་ལོ་སྔོན་མར་ནད་དུག་ཁྱབ་གདལ་ཕྱིན་པ་ཤེས་རྟོགས་བྱུང་རྗེས་ཀེ་ར་ལའི་མངའ་སྡེའི་གཞུང་གིས་སློབ་གྲྭ་དང་ལས་ཁུངས་མང་པོ་ཞིག་ཡུན་རིང་པོར་སྒོ་རྒྱག་བཅུག་ཡོད་འདུག མངའ་སྡེ་གཞུང་གིས་ད་ལྟ་ནད་དུག་དེ་ཁྱབ་གདལ་ཆེན་པོ་མི་འགྲོ་བའི་ཆེད་དུ་སྔོན་འགོག་ཤུགས་ཆེན་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།