རྒྱ་གར་གྱི་མི་སེར་ཐོབ་ཐང་བསྐྱར་བཅོས་ཀྱི་ཁྲིམས་ལ་ངོ་རྒོལ་གྱིས་ཁྲིམས་གཏུག་བྱས་འདུག
རྒྱ་གར་གཞུང་གིས་ཉེ་ཆར་གཏན་ལ་ཕབ་པའི་“༢༠༡༩ ལོའི་མི་སེར་ཐོབ་ཐང་བསྐྱར་བཅོས་ཀྱི་ཁྲིམས་”ལ་རྒྱལ་ཡོངས་ནས་ངོ་རྒོལ་ཤུགས་ཆེན་འབྱུང་བཞིན་ཡོད་པ་ལྟར། རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་ར་ལའི་གཞུང་ནས་ཁྲིམས་དེ་རྒྱ་གར་གྱི་ཆོས་ལུགས་དང་མ་འབྲེལ་བའི་རྩ་ཁྲིམས་དང་འགལ་ཚུལ་བཤད་དེ་ཆེས་མཐོའི་ཁྲིམས་ཁང་དུ་གཏུགས་ཡོད་འདུག
རྒྱ་གར་གཞུང་གིས་ཉེ་ཆར་གཏན་ལ་ཕབ་པའི་“༢༠༡༩ ལོའི་མི་སེར་ཐོབ་ཐང་བསྐྱར་བཅོས་ཀྱི་ཁྲིམས་”ལ་རྒྱལ་ཡོངས་ནས་ངོ་རྒོལ་ཤུགས་ཆེན་འབྱུང་བཞིན་ཡོད་པ་ལྟར། རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་ར་ལའི་གཞུང་ནས་ཁྲིམས་དེ་རྒྱ་གར་གྱི་ཆོས་ལུགས་དང་མ་འབྲེལ་བའི་རྩ་ཁྲིམས་དང་འགལ་ཚུལ་བཤད་དེ་ཆེས་མཐོའི་ཁྲིམས་ཁང་དུ་གཏུགས་ཡོད་འདུག
དེ་ཡང་ཕྱི་ཟླ་༡ ཚེས་༡༤ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བདུན་འདིའི་རེས་གཟའ་མིག་དམར་ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་ར་ལའི་གཞུང་གིས་རྒྱ་གར་གྱི་མི་སེར་ཐོབ་ཐང་དང་འབྲེལ་བའི་ཁྲིམས་གསར་པ་དེ་ཁྲིམས་དང་འགལ་སྐོར་བཤད་དེ། ཁྲིམས་ཐོག་ནས་དགག་པ་རྒྱག་མཁན་གྱི་མངའ་སྡེ་ཐོག་མ་དེ་ཆགས་ཡོད་འདུག
ཀེ་ར་ལའི་གཞུང་ནས་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ལ་ཕུལ་བའི་སྙན་ཞུའི་ནང་། ༢༠༡༩ ལོའི་མི་སེར་ཐོབ་ཐང་བསྐྱར་བཅོས་ཀྱི་ཁྲིམས་དེ་རྒྱ་གར་གྱི་རྩ་ཁྲིམས་ཀྱི་དོན་མཚན་༡༤ ནང་འཁོད་པའི་འདྲ་མཉམ་གྱི་ཐོབ་ཐང་དང་། དེ་བཞིན་དོན་ཚན་༢༡ ནང་འཁོད་པའི་འཚོ་བའི་ཐོབ་ཐང་། དོན་ཚན་༢༥ ནང་འཁོད་པའི་ཆོས་ལུགས་དད་མོས་ཀྱི་རང་དབང་བཅས་དང་འགལ་ཡོད་སྐོར་བརྗོད་པའི་ཐོག རྒྱ་གར་དབུས་གཞུང་ནས་ཆོས་ལུགས་དབྱེ་འབྱེད་ཀྱིས་རྒྱལ་ཁབ་ཁ་འཐོར་གཏོང་བཞིན་ཡོད་པའི་ཉེས་འཛུགས་ཀྱང་བྱས་ཡོད་འདུག
སྲིད་བློན་མོ་དྷིས་འགོ་ཁྲིད་ཅིང་ཧིན་དྷུ་མཆོག་ཏུ་འཛིན་པའི་བྷི་ཇི་ཕི་སྲིད་གཞུང་(BJP) ནས་གཏན་ལ་ཕབ་པའི་ཁྲིམས་གསར་པ་དེའི་འོག པ་ཀི་སི་ཐན་དང་། བྷང་ལ་དྷེ་ཤི། ཨབ་གྷ་ནི་ཐན་བཅས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་གསུམ་ནས་རྒྱ་གར་དུ་འབྱོར་བའི་མི་མང་རྣམས་རྒྱ་གར་གྱི་མི་སེར་དུ་འགྱུར་ཆོག་མོད། འོན་ཀྱང་ཆོས་ལུགས་ཁ་ཆེ་ཡིན་པ་རྣམས་ལ་གཅིག་མཚུངས་ཀྱི་ཐོབ་ཐང་དེ་མཁོ་སྤྲོད་བྱེད་ཀྱི་མེད་པར་བརྟེན། ཁྲིམས་དེ་ལ་རྒྱ་གར་རྒྱལ་ཡོངས་ནང་ངོ་རྒོལ་ཤུགས་ཆེན་བྱུང་དང་འབྱུང་མུས་སུ་ཡོད་ཅིང་། ཉེན་རྟོག་པ་དང་ངོ་རྒོལ་བའི་བར་དྲག་པོའི་གདོང་ཐུག་བྱུང་ནས་ད་བར་མི་མང་༢༣ གྱི་ཚེ་སྲོག་ཀྱང་ཤོར་ཡོད།
ཀེ་ར་ལའི་གཞུང་ནས་ཁྲིམས་གཏུག་བྱས་པའི་ཐད་ལ། མངའ་སྡེའི་བློན་ཆེན་ཕཱ་ན་ར་ཡ-ཝི་ཇ་ཡན་(Pinarayi Vijayan) གྱིས་“རྒྱ་གར་གྱི་རྩ་ཁྲིམས་དང་། རྒྱ་གར་གྱི་མི་སེར་ཚོའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་འདིའི་ནང་། ཀེ་ར་ལ་རྟག་ཏུ་གདོང་མཆོང་བྱེད་མཁན་དུ་གནས་རྒྱུ་ཡིན་”ཞེས་བརྗོད་པའི་ཐོག “ང་ཚོ་ནི་རྩ་ཁྲིམས་ཀྱི་རྨང་གཞི་དང་འགལ་བའི་ཁྲིམས་འདི་ལག་བསྟར་མི་བྱེད་པའི་ཐག་གཅོད་བྱེད་མཁན་གྱི་མངའ་སྡེ་ཐོག་མ་རྣམས་ཀྱི་གཅིག་ཡིན་ལ། ང་ཚོས་རྩ་ཁྲིམས་ལ་གུས་བརྩི་ཡོད་པའི་མངའ་སྡེའི་བློན་ཆེན་གཞན་རྣམས་ལའང་གཅིག་མཚུངས་ཀྱི་གོམ་པ་སྤོས་ནས་རྩ་ཁྲིམས་སྲུང་སྐྱོབ་དགོས་པའི་རེ་འབོད་ཞུས་ཡོད་”ཅེས་བསྣན་ཡོད་འདུག
རྒྱ་གར་དབུས་གཞུང་ནས་གཏན་ལ་ཕབ་པའི་ཁྲིམས་འདི་ལག་བསྟར་བྱེད་རྒྱུ་མིན་ཟེར་མཁན་གྱི་མངའ་སྡེ་ཀེ་ར་ལ་གཅིག་པུ་མ་ཡིན་པར་གཞན་མང་པོ་ཡོད་འདུག་སྟེ། བྷི་ཇི་ཕིའི་ཁ་གཏད་ཀྱི་ཆབ་སྲིད་ཚོགས་པ་ཀོང་གྷི་སིའི་(Congress) འོག་ཡོད་པའི་པན་ཇབ་(Punjab)དང་། རཱ་ཇི་སི་ཐན།(Rajasthan) མ་དྷི་ཡ་(Madhya) བཅས་ནས་ཀྱང་ཁྲིམས་གསར་པ་དེ་ལག་བསྟར་བྱེད་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག་ལ། དེ་བཞིན་ནུབ་བྷེང་གྷལ་(West Bengal) དང་། མ་ཧཱ་ས་རི་དྷ་(Maharashtra)ཡིས་ཁྲིམས་དེར་དགག་པ་བརྒྱབས་ཡོད་འདུག
མོ་དྷིའི་སྲིད་གཞུང་ནས་གོང་གི་ཁ་ཆེའི་རྒྱལ་ཁབ་གསུམ་ནང་དབྱེ་འབྱེད་ཀྱི་སྡུག་སྦྱོང་མནར་གཅོད་མྱངས་ཤིང་། ཕྱི་ལོ་ ༢༠༡༥ གོང་དུ་རྒྱ་གར་ལ་ཡོང་མཁན་རྣམས་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་དེ་འདྲ་ཞིག་དགོས་པའི་ཨུ་ཚུགས་བྱེད་ཀྱི་ཡོད་འདུག་མོད། འོན་ཀྱང་དགག་པ་རྒྱག་མཁན་ཚོས་ཁྲིམས་གསར་པ་དེའི་འོག་ཅིའི་ཕྱིར་འབར་མ་ནས་བྲོས་བྱོལ་དུ་ཡོང་བའི་རོ་ཧན་གྷའི་(Rohingya)ཁ་ཆེའི་མི་རིགས་དང་། སིང་གྷ་ལ་ནས་ཡོང་བའི་ཏཱ་མིལ་བ་(Tamil) རྣམས་མ་བཙུད་པ་ཡིན་ནམ་ཟེར་གྱི་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།