རྒྱ་གར་གྱི་འོས་འཕེན་པ་ཐོག་མ་ལོ་ན་༡༠༥ ལ་གྲོངས་འདུག
རྒྱ་གར་རང་བཙན་ཐོབ་རྗེས་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་དང་པོར་འོས་ཤོག་འཕེན་མཁན་ཐོག་མ་ཤཱམ་སཱ་རན་ནཱེ་གྷེ་ཟླ་༡༡ པའི་ཚེས་༥ ཉིན་གྲོངས་འདུག་པ་དང་། ཁོང་ལོ་ན་༡༠༥ ཡིན་འདུག
རྒྱ་གར་རང་བཙན་ཐོབ་རྗེས་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་དང་པོར་འོས་ཤོག་འཕེན་མཁན་ཐོག་མ་ཤཱམ་སཱ་རན་ནཱེ་གྷེ་ཟླ་༡༡ པའི་ཚེས་༥ ཉིན་གྲོངས་འདུག་པ་དང་། ཁོང་ལོ་ན་༡༠༥ ཡིན་འདུག
དེ་ཡང་རྒྱ་གར་རང་བཙན་ཐོབ་རྗེས་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཐེངས་དང་པོ་དེ་ཕྱི་ལོ་༡༩༥༢ ལོར་གོ་སྒྲིག་བྱས་ཡོད་ཀྱང་། ཤཱམ་སཱ་རན་ནཱེ་གྷེ་གནས་སྡོད་བྱེད་ཡུལ་དེར་ཁ་བ་ཆེན་པོ་འབབ་ཀྱི་ཡོད་པས། འོས་བསྡུ་སྐབས་སུ་ལམ་ཁ་འགག་ནས་འོས་བསྡུར་འགོག་རྐྱེན་མི་ཡོང་བའི་ཆེད་དུ། འོས་བསྡུ་ལས་ཁང་ཁང་གིས་ཁོང་གི་ས་གནས་དེར་དམིགས་བསལ་གྱིས་འོས་བསྡུ་ཟླ་བ་༥ སྔ་སྣུར་བཏང་ནས་ཕྱི་ལོ་༡༩༥༡ ལོར་གོ་སྒྲིག་བྱས་འདུག སྐབས་དེར་ཤཱམ་སཱ་རན་ནཱེ་གྷེ་ནི་འོས་ཤོག་འཕེན་མཁན་དང་པོ་དེ་ཡིན་པ་ངོས་འཛིན་གྱིས་ཁོང་ལ་ཡོངས་གྲགས་སུ་རྒྱ་གར་གྱི་འོས་འཕེན་པ་ཐོག་མ་ཞེས་འབོད་ཀྱི་ཡོད་འདུག
ཁོང་ནི་རྒས་ཡོལ་སོང་བའི་དགེ་རྒན་ཞིག་ཡིན་འདུག་པ་དང་། ཉེ་ཆར་ཟླ་༡༡ པའི་ཚེས་༢ ཉིན་ཁོང་གིས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འོས་བསྡུར་སྦྲག་ཐོག་ནས་འོས་ཤོག་འཕངས་འདུག དེ་ཡང་ཁོང་གི་ལུས་པོའི་གནས་སྟངས་ལ་བརྟེན་ནས་ཐེངས་དང་པོར་འོས་བསྡུའི་ས་ཚིགས་སུ་སླེབས་མ་ཐུབ་པར་སྦྲག་ཐོག་གི་འོས་ཤོག་འཕངས་པ་རེད་འདུག སྐབས་དེར་ཁོང་གིས་གཞོན་སྐྱེས་ཚོས་མང་གཙོའི་ལམ་ལུགས་ནང་དུ་ཆ་ཤས་ལེན་ནས་འོས་ཤོག་འཕེན་རྒྱུ་གལ་ཆེན་ཡིན་པ། དེ་ནི་ཐོབ་ཐང་ཙམ་མིན་པར་ལས་འགན་ཡང་ཡིན་སྐོར་བརྗོད་འདུག
ཕྱི་ལོ་༢༠༡༤ ལོར་རྒྱ་གར་གྱི་འོས་བསྡུ་ལས་ཁང་གིས་མི་མང་ནས་ལོ་དེའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར་མཉམ་ཞུགས་བྱེད་པར་སེམས་འགུལ་གཏོང་ཆེད་དུ། ཁོང་ལས་ཁང་དེའི་སྐུ་ཚབ་བཟོས་ཡོད་པ་རེད་འདུག
ཟླ་༡༡ པའི་ཚེས་༥ ཉིན་རྒྱ་གར་གྱི་སྲིད་བློན་མཱོ་རྡི་ཡིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཞིག་གི་སྐབས་སུ། ཤཱམ་སཱ་རན་ནཱེ་གྷེ་ལ་མྱ་ངན་ཞུས་འདུག ཁོང་གི་ཕུང་པོ་དེ་རང་གི་གྲོང་གསེབ་ཏུ། རྒྱ་གར་གཞུང་གི་གཞུང་འབྲེལ་མྱ་ངན་ལམ་ལུགས་ལྡན་པའི་ཐོག་ནས་ཞུགས་འབུལ་གནང་རྒྱུ་ཡིན་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།