རྒྱ་གར་གྱི་སྲིད་བློན་དང་ཨུ་རུ་སུའི་སྲིད་འཛིན་བར་ཐུག་འཕྲད་བྱས་འདུག
ཟླ་འདིའི་ཚེས་༡༦ ཉིན་ཧིན་དུ་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་སྲིད་བློན་དང་ཨུ་རུ་སུའི་སྲིད་འཛིན་བར་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་སྲིད་བློན་མུ་དྷི་ཡིས་ཨུ་རུ་སུའི་སྲིད་འཛིན་ལ་ད་ལྟ་ནི་དམག་འཁྲུག་གི་དུས་རབས་མ་རེེད་ཅེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག
ཧྲང་ཧེ་མཉམ་ལས་ལྷན་ཚོགས་ཀྱི་ལོ་འཁོར་ལྷན་ཚོགས་དེ་ཟླ་འདིའི་ཚེས་༡༥ ནས་ཉིན་གཉིས་ཀྱི་རིང་ཨུ་ཛུ་བྷེ་ཁི་སི་ཐན་དུ་ཚོགས་ཡོད་པ་དང་། སྐབས་དེའི་ཚོགས་འདུ་ལ་རྒྱ་གར་གྱི་སྲིད་བློན་མུ་དྷི་དང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གཉིས་ཀ་མཉམ་ཞུགས་བྱས་ཡོད་པ་དང་། ཁ་སང་རེས་གཟའ་པ་སངས་ཀྱི་ཉིན་ཁོང་རྣམ་པ་གཉིས་ཀྱི་ཟུར་དུ་མཇལ་འཕྲད་གནང་ནས་ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་འཕྲད་བཞིན་པའི་འབྲུ་རིགས་དང་རྫས་ལུད། སྣུམ་དང་དམག་འཁྲུག་སོགས་ཀྱི་གནད་དོན་ཐོག་ལ་གྲོས་བསྡུར་བྱས་ཡོད་རབས་དང་། ལོ་འདིའི་ཕྱི་ཟླ་གཉིས་པའི་ནང་ཨུ་རུ་སུ་དང་ཡུག་རེན་བར་དུ་དམག་འཁྲུག་ལངས་ནས་བཟུང་ད་ལྟའི་བར་དུ་མཇལ་འཕྲད་བྱས་པ་ཐོག་མ་དེ་ཆགས་འདུག
སྐབས་དེར་རྒྱ་གར་གྱི་སྲིད་འཛིན་མུ་དྷི་ཡིས་”ད་ལྟའི་དུས་རབས་ནི་དམག་འཁྲུག་གི་དུས་རབས་ཤིག་མིན་པ་ངས་ཤེས་ཀྱི་ཡོད། དེ་སྔ་ནས་ངས་ཁ་པར་བརྒྱུད་ནས་ཁྱེད་ལ་ཞུས་ཟིན” ཞེས་བརྗོད་ཡོད་འདུག་ལ། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་གནད་དོན་དེ་དང་འབྲེལ་བའི་ཐོག་ཁྱེད་ཀྱི་ལམ་ཕྱོགས་དང་ཐུགས་འཚབ་བྱེད་ཀྱི་ཡོད་པ་ངས་ཤེས་ཀྱི་ཡོད། ང་ཚོས་དཀའ་རྙོག་དེ་དག་ཚང་མ་གང་མགྱོགས་མཇུག་བསྒྲིལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པའི་གནས་ཚུལ་ཐོན་འདུག
ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པ་ནས་བཟུང་ད་ལྟའི་བར་དུ་ཟླ་བ་བདུན་ལྷག་ཕྱིན་པའི་རིང་། རྒྱ་གར་གྱིས་འཛམ་གླིང་ཐོག་གི་གླེང་སྟེགས་གང་དུ་ཡང་ཨུ་རུ་སུ་ལ་ངོ་རྒོལ་བྱས་མེད་པ་དང་། ཕྱོགས་གཉིས་ཀྱི་དཀའ་རྙོག་དེ་གྲོས་མོལ་གྱིས་སེལ་དགོས་པར་བརྗོད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།