རྒྱ་གར་གྱི་སྲིད་བློན་མོ་དྷི་དང་ཕྱི་སྲིད་བློན་ཆེན་ཡུག་རེན་དུ་གཟིགས་སྐོར་ཐོག་མ་ཕེབས།

པར། ALJAZEERA

ཟླ་འདིའི་ཚེས་༢༣ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་སྲིད་བློན་མོ་དྷི་ཡུག་རེན་ལ་གཟིགས་སྐོར་ཕེབས་ཡོད་པ་དང་། ཐེངས་འདིའི་གཟིགས་སྐོར་ནི་ཕྱི་ལོ་༡༩༩༡ ཡུག་རེན་ལ་རང་བཙན་ཐོབ་པ་ནས་བཟུང་རྒྱ་གར་གྱི་སྲིད་བློན་ཞིག་ཡུལ་དེར་ཕེབས་པ་ཐོག་མ་ཆགས་ཡོད་འདུག

དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་གཙོས་པའི་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེ་སི་ཇེ་ཤན་ཀར(S Jaishakar)་དང་རྒྱལ་ཁབ་བདེ་འཇགས་སློབ་སྟོན་པ་སོགས་པོ་ལན་ཌ་ལ་གཟིགས་སྐོར་ཚར་རྗེས་ཡུག་རེན་ལ་ཐོན་ནས་དེ་རིང་ཡུག་རེན་གྱི་རྒྱལ་ས་ཀིབ་ལ་འབྱོར་ཡོད་འདུག

སྐབས་དེར་ཡུག་རེན་ལ་གནས་སྡོད་བྱེད་མཁན་རྒྱ་གར་བ་མང་པོས་སྲིད་བློན་ལ་ཕེབས་བསུ་ཞུས་ཡོད་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཡུག་རེན་དང་ཨུ་རུ་སུའི་དམག་འཁྲུག་འགོ་མ་བཙུགས་པའི་སྔོན་དུ་ཡུག་རེན་ནང་ཡུན་རིང་ནས་གནས་སྡོད་བྱེད་མཁན་རྒྱ་གར་བ་ཁྲི་གཉིས་དང་ལྔ་སྟོང་ཙམ་ཡོད་འདུག་པ་དང་། དམག་འཁྲུག་རྗེས་སུ་ཡང་མང་པོ་ཞིག་ལས་གནས་དང་ཚོང་གི་དོན་དུ་མུ་མཐུད་ཡུག་རེན་ལ་སྡོད་བཞིན་ཡོད་འདུག

དེ་རིང་སྲིད་བློན་མོ་དྷི་དང་ཡུག་རེན་གྱི་སྲིད་འཛིན་གཉིས་ཀྱི་བར་ཐུག་འཕྲད་ཀྱིས་ལོ་ངོ་གཉིས་དང་ཕྱེད་ལྷག་འགྲོ་བཞིན་པའི་ཡུག་རེན་དང་ཨུ་རུ་སུའི་དམག་འཁྲུག་དེ་ཞི་བའི་སྒོ་ནས་སེལ་ཐབས་ཐོག་ལ་གླེང་མོལ་གནང་རྒྱུའི་རེ་བ་བྱེད་བཞིན་ཡོད་འདུག

སྲིད་བློན་མོ་དྷི་ཡུག་རེན་དང་པོ་ལན་ཌི་ལ་གཟིགས་སྐོར་མ་ཕེབས་པའི་སྔོན་དུ། ཁོང་གིས་དམག་ས་ཞིག་ཏུ་དཀའ་ངལ་གང་ཡང་སེལ་ཐུབ་ཀྱི་མེད་པ་དང་། གྲོས་མོལ་དང་ཕྱི་འབྲེལ་གྱི་ལམ་ནས་ཞི་བདེ་དང་བརྟན་ལྷིང་བསྐྱར་གསོ་གང་མགྱོགས་ཡོང་རྒྱུ་ལ་རྒྱ་གར་གྱིས་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད་འདུག

ཕྱི་ལོ་༡༩༩༡ ལོ་ཡུག་རེན་ལ་རང་བཙན་ཐོབ་པ་ནས་བཟུང་རྒྱ་གར་གྱི་སྲིད་བློན་ཞིག་ཡུག་རེན་ལ་འཚམས་གཟིགས་ཕེབས་པ་ཐོག་མ་ཡིན་པས་ཐེངས་འདིའི་འཚམས་གཟིགས་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཏུ་གྱུར་ཞིང་། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་བར་མཇལ་འཕྲད་མ་གནང་བའི་བདུན་ཕྲག་དྲུག་གི་སྔོན། རྒྱ་གར་གྱི་སྲིད་བློན་ཨུ་རུ་སུ་ལ་ཕེབས་ནས་སྲིད་འཛིན་པུ་ཊིན་དང་མཇལ་འཕྲད་གནང་ཡོད་འདུག། སྐབས་དེར་ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་མང་པོས་སྲིད་བློན་མོ་དྷི་ལ་སྐྱོན་བརྗོད་བྱས་པ་དང་། ཡུག་རེན་གྱི་སྲིད་འཛིན་གྱིས་ཀྱང་འཛམ་གླིང་གི་མང་གཙོ་ཆེ་ཤོས་ཀྱི་དབུ་ཁྲིད་ཀྱིས་ཨུ་རུ་སུ་ལ་འཛམ་གླིང་གི་ཉེས་པ་མང་ཤོས་གསོག་མཁན་ལག་དམར་བ་དེར་འཐབ་འཁྱུད་བྱེད་པ་མཐོང་དུས་བློ་ཕམ་བྱུང་ཞེས་བརྗོད་འདུག

ཕྱི་ལོ་༢༠༢༢ ལོར་ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་བརྒྱབ་ནས་བཟུང་རྒྱ་གར་གྱིས་བར་གནས་ཀྱི་ལངས་ཕྱོགས་བཟུང་སྟེ། ཕྱོགས་གཉིས་ཀྱིས་གྲོས་མོལ་དང་ཕྱི་འབྲེལ་གྱི་ལམ་ནས་དཀའ་རྙོག་སེལ་དགོས་པའི་འབོད་སྐུལ་ཞུས་དང་ཞུ་བཞིན་པའི་ཐོག རྒྱ་གར་གྱིས་རྒྱལ་ཁབ་གཉིས་ཀར་འབྲེལ་བ་བྱེད་བཞིན་ཡོད་འདུག

རྒྱ་གར་གྱི་སྲིད་བློན་མོ་དྷི་ཡུག་རེན་ལ་མ་ཕེབས་གོང་པོ་ལན་ཌི་ལ་འཚམས་གཟིགས་ཕེབས་ཡོད་པ་དང་། སྐབས་དེར་སྲིད་བློན་མོ་དྷི་ཡིས། ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་གར་གྱི་སྲིད་བྱུས་ནི་རྒྱལ་ཁབ་ཚང་མ་དང་བར་ཐག་རིང་པོར་གནས་རྒྱུ་དེ་ཡིན་ཡང། ད་ཆ་གནས་སྟངས་འགྱུར་བ་ཕྱིན་ཡོད་པ་དང་དེང་སང་རྒྱ་གར་གྱི་སྲིད་བྱུས་ནི་རྒྱལ་ཁབ་ཚང་མ་དང་འབྲེལ་བ་ཉེ་བོ་བྱེད་རྒྱུ་དེ་ཆགས་ཡོད་པ་རེད་ཅེས་བརྗོད་འདུག

དེ་སྔོན་ཕྱི་ལོ་༡༩༧༩ ལོར་རྒྱ་གར་སྲིད་བློན་མོ་རར་ཇི་དྷེ་སའི་(Morarji Desai) ་པོ་ལན་ཌིར་གཟིགས་སྐོར་ཕེབས་ཡོད་པ་དང་། དུས་དེ་ནས་བཟུང་ད་བར་ལོ་ངོ་བཅུ་ཕྲག་བཞི་ལྷག་གི་ནང་རྒྱ་གར་གྱི་སྲིད་བློན་ཞིག་པོ་ལན་ཌར་འཚམས་གཟིགས་ཕེབས་པ་ཡང་ཐོག་མ་ཆགས་ཡོད་འདུག

པོ་ལན་ཌའི་སྲིད་བློན་ཌོ་ནལ་ཌི་ཊ་སི་ཀིས་(Donald Tusk) ་ཡུག་རེན་དང་ཨུ་རུ་སུའི་དམག་འཁྲུག་སེལ་ཐབས་སུ་རྒྱ་གར་གྱིས་གལ་ཆེའི་གྲུབ་འབྲས་ལྡན་པའི་ནུས་པ་འདོན་ཐུབ་ཀྱི་རེད་ཅེས་བརྗོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

ཁྱེད་ཀྱིས་གཟིགས་མེད་སྲིད།