རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་རཱམ་ཀོ་ལིནྜ་དགུང་གྲངས་ ༧༦ ལ་ཕེབས་པར་༧གོང་ས་མཆོག་གིས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི།
༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་རཱམ་ནཱཐ་ཀོ་ཝིནྜ་(Shri Ram Nath Kovind)དགུང་ལོ་ ༧༦ ལ་ཕེབས་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གནང་བ་འབྲེལ། བོད་ཚོའི་ཚབ་གནང་སྟེ་“རྒྱ་གར་གཞུང་མང་གཉིས་ཀྱི་བླ་ན་མེད་པའི་བྱམས་བརྩེ་དང་གཏོང་ཕོད་ལ་ཐུགས་རྗེ་ཆེ་ཞུ་”ཞེས་གསུངས་འདུག
དེ་རིང་༧རིན་པ་ཆེ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ལ་བསྩལ་བའི་འཚམས་འདྲིའི་གསུང་འཕྲིན་དེའི་ནང་། ཁོང་གིས་“སྐུ་ཉིད་ཀྱིས་ཆོད་སེམས་ཆེན་པོས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་། ལྷག་པར་མི་མང་ཉམ་ཐག་གི་དོན་དུ་ཕྱག་ལས་གནང་བཞིན་པ་དེར་ངོས་ཀྱིས་རྗེས་སུ་ཡི་རང་ཞུ་གི་ཡོད་”ཅེས་སྲིད་འཛིན་ཁོང་གི་ཕྱག་ལས་ལ་བསྔགས་བརྗོད་གནང་འདུག
དེ་བཞིན་༧གོང་ས་མཆོག་གིས་རྒྱ་གར་ནི་ཆོས་ལུགས་དང་རིག་གཞུང་གི་ལྟ་གྲུབ་སྣ་མང་ཕན་ཚུན་གུས་བརྩིའི་ངང་མཉམ་གནས་བྱེད་སའི་ཁྱིམ་གཞིས་དང་། འཛམ་གླིང་སྟེང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པས། རྒྱ་གར་གྱི་ངོས་ནས་འགྲོ་བ་མིའི་རིགས་ཞི་བདེའི་ཕྱོགས་སུ་འཁྲིད་རྒྱུའི་འགན་གཙོ་བོ་འཁུར་དགོས་ཚུལ་གསུངས་པ་མ་ཟད། ཁོང་གིས་རྒྱ་གར་ནི་གནའ་དེང་ཤེས་ཡོན་ལམ་ལུགས་ཟུང་འབྲེལ་བྱས་ཏེ་ཞི་བདེ་ལྡན་པའི་་འཛམ་གླིང་ཞིག་སྐྲུན་པའི་ནུས་པ་ལྡན་པའི་རྒྱལ་ཁབ་གཅིག་པུ་དེ་ཡིན་པའི་ཡིད་ཆེས་བརྟན་པོ་གནང་གི་ཡོད་ཚུལ་སོགས་གསུངས་འདུག
དེ་མིན་ད་དུང་། ༧རིན་པོ་ཆེ་མཆོག་གིས་བོད་མི་རྣམས་ཀྱི་ཚབ་གནང་ནས་རྒྱ་གར་གཞུང་མང་གཉིས་ལའང་ཐུགས་རྗེ་ཆེ་ཞུས་གནང་འདུག
ཁོང་གིས་“ང་ཚོ་རྒྱ་གར་ལ་བཙན་བྱོལ་དུ་བསླེབས་ནས་ལོ་ངོ་ ༦༢ འཁོར་བཞིན་ཡོད། ངོས་ཀྱིས་བོད་མི་ཕོ་མོ་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་ཀྱི་བླ་མེད་པའི་བྱམས་བརྩེ་དང་གཏོང་ཕོད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་གསུངས་འདུག
༡༩༥༩ ལོར་རྒྱ་དམག་གིས་ལྷ་སའི་མི་མང་སྒེར་ལངས་ཆེན་མོ་དྲག་གནོན་བྱས་ཏེ་༧རིན་པོ་ཆེ་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པ་ནས་བཟུང་། ཁོང་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་རི་གྲོང་དྷ་རམ་ས་ལཱ་རུ་བཞུགས་ནས་ཡོད། །