རྒྱ་གར་གྱི་ཨན་དྷར་མངའ་སྡེའི་ནང་གྲུ་ནུབས་ནས་ཉུང་མཐར་ཡང་མི་༡༢ རྐྱེན་ལམ་དུ་ཕྱིན།
ཟླ་འདིའི་ཚེས་༡༦ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལ། ཁ་སང་རེས་གཟའ་ཉི་མའི་ཉིན་(ཚེས་ ༡༥) རྒྱལ་གར་གྱི་ཨན་དྷར་(Andhra Pradesh)མངའ་སྡེའི་ནང་འགྲུལ་བ་༦༠ ལྷག་ཁུར་བའི་གྲུ་གཟིངས་ཞིག་མགོ་རྟིང་ལོག་ནས་མ་མཐར་ཡང་མི་༡༢ རྐྱེན་ལམ་དུ་ཕྱིན་པའི་ཐོག མི་༢༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
ཟླ་འདིའི་ཚེས་༡༦ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལ། ཁ་སང་རེས་གཟའ་ཉི་མའི་ཉིན་(ཚེས་ ༡༥) རྒྱལ་གར་གྱི་ཨན་དྷར་(Andhra Pradesh)མངའ་སྡེའི་ནང་འགྲུལ་བ་༦༠ ལྷག་ཁུར་བའི་གྲུ་གཟིངས་ཞིག་མགོ་རྟིང་ལོག་ནས་མ་མཐར་ཡང་མི་༡༢ རྐྱེན་ལམ་དུ་ཕྱིན་པའི་ཐོག མི་༢༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
དེ་ཡང་གྲུ་གཟིངས་དེའི་ནང་འགྲུལ་བ་༦༠ ལྷག་ཅིག་བསྡད་ནས་གྷོ་དྷི་ཝ་ར་གཙང་བོ་(Godavari River) བརྒྱུད། མངའ་སྡེ་དེ་གའི་སྙན་གྲགས་ཆེ་བའི་ཡུལ་སྐོར་ས་ཚིགས་ཤིག་ཏུ་བསྐྱོད་སྐབས། བྲག་རྡོ་ཆེན་པོ་ཞིག་ལ་བརྡབས་ནས་མགོ་རྟིང་ལོག་སྟབས། ད་ལྟའི་ཆར་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་བྷེ་བྷེ་སི་གསར་ཁང་ལ་འགྲུལ་བ་ ༢༦ ཉེན་སྐྱོབ་ཐུབ་ཡོད་ཚུལ་བརྗོད་པ་དང་། ཉེན་སྐྱོབ་རུ་ཁག་རྣམས་ཀྱིས་གཙང་བོའི་ནང་ནུབ་པའི་མི་རྣམས་ཀྱི་ཕུང་པོ་འཚོལ་བཞིན་ཡོད་འདུག
ཉེན་ཁ་ལས་ཐར་བའི་མི་རྣམས་ཀྱིས་འཇིགས་སྐྲག་དང་སེམས་སྡུག་གི་སྐད་ཆ་བརྗོད་པའི་ནང་། སོ་སོའི་ཁྱོ་ག་དང་བུ་ཕྲུག་རྐྱེན་ལམ་དུ་ཤོར་བའི་བུད་མེད་ཅིག་གིས་མིག་ཆུ་འདོན་བཞིན་“ངའི་ཁྱོ་ག་དང་བུ་ཕྲུག་གཉིས་ཀ་མེད་པར་གྱུར་སོང་བས། ང་ཡང་ལྷན་དུ་ཤི་ན་འགྲིག་ཨ་”ཞེས་སྨྲེ་ངག་བཏོན་ཡོད་འདུག
གྲུ་གཟིངས་བརྡབ་སྐྱོན་གྱི་ཆག་སྒོ་དེ་ལྷགས་རྗེས། མངའ་སྡེ་དེ་གའི་བློན་ཆེན་ཇེ་གྷན་མོ་ཧན་(Jagan Mohan Reddy) གྱིས་མངའ་སྡེའི་གྲུ་གཟིངས་ཡོངས་རྫོགས་འཕྲལ་དུ་མཚམས་འཇོག་དགོས་པའི་བཀའ་ཕབ་པ་དང་ཆབས་ཅིག རྒྱ་གར་གྱི་སྲིད་བློན་མཱོ་དྷིས་ཀྱང་ཋོའུ་ཋར་ཐོག་ཏུ་“ཨན་དྷར་མངའ་སྡེའི་ཤར་གྷོ་དྷི་ཝ་ར་གཙང་བོ་རུ་གྲུ་གཟིངས་མགོ་རྟིང་ལོག་པའི་གནས་ཚུལ་དེས་སེམས་སྡུག་དཔག་མེད་བྱིན་བྱུང་། ངས་རྐྱེན་ལམ་དུ་ཤོར་བ་ཚོའི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་”ཞེས་བྲིས་ཏེ་གནོན་འཚེ་ཕོག་ཡུལ་དག་ལ་མྱ་ངན་ཞུས་ཡོད་འདུག
གྲུ་གཟིངས་དེའི་སྟེང་དུ་ཉེན་སྐྱོབ་སྟོད་འགག་(Life jackets) ཡོད་ཀྱང་། འགྲུལ་བ་མང་པོ་ཞིག་གིས་སྣང་མེད་དུ་བསྐྱུར་ནས་མ་གྱོན་སྟབས། ཆུའི་ནང་དུ་ནུབ་ནས་ཤི་བ་ཡིན་འདུག
མངའ་སྡེའི་བློན་ཆེན་གྱིས་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་ལུས་པ་རྣམས་ལ་གཟིགས་སྐོར་དུ་ཕེབས་རྒྱུ་ཡིན་འདུག་པ་མ་ཟད། ཐེངས་འདིའི་ཡིད་སྐྱོ་བའི་ཆག་སྒོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་ནང་མི་རྣམས་ལ་ཧིན་སྒོར་འབུམ་བཅུ་གུན་གསབ་ཆེད་སྟེར་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་བྱས་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།