རྒྱ་གར་གྱིས་༢༠༢༢ ལོོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་རྒྱབ་སྐྱོར་བྱས་པར་རྒྱ་ནག་གིས་བསྔགས་བརྗོད། 

རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་(Global Times) ཀྱིས་“རྒྱ་གར་གྱིས་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་རྒྱབ་སྐྱོར་བྱས་པ་དེས་རྒྱ་གར་རང་བཞིན་གྱིས་ཨ་རིའི་མཐུན་གྲོགས་མིན་པ་སྟོན་”ཞེས་བྲིས་འདུག 

རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་(Global Times) ཀྱིས་“རྒྱ་གར་གྱིས་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་རྒྱབ་སྐྱོར་བྱས་པ་དེས་རྒྱ་གར་རང་བཞིན་གྱིས་ཨ་རིའི་མཐུན་གྲོགས་མིན་པ་སྟོན་”ཞེས་བྲིས་འདུག 

རྒྱ་ནག་དམར་ཤོག་ཚོགས་པའི་དབྱིན་ཇིའི་གསར་ཁང་གཙོ་བོ་སྟེ། གོ་ལས་དུས་བབ་ཀྱིས་ཟླ་འདིའི་ཚེས་༢༨ ཉིན་<<རྒྱ་གར་གྱིས་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་རྒྱབ་སྐྱོར་བྱས་པ་དེས། རྒྱ་གར་རང་བཞིན་གྱིས་ཨ་རིའི་མཐུན་གྲོགས་མ་ཡིན་པ་སྟོན་>>ཞེས་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། བདུན་ཕྲག་གོང་མའི་རེས་གཟའ་པ་སངས་ཉིན་འཚོགས་པའི་རྒྱལ་ཁབ་གསུམ་གྱི་ཚོགས་འདུའི་ཐོག རྒྱ་ནག་དང་། རཱ་ཤ་ཡ། རྒྱ་གར་བཅས་ཀྱི་“བློན་ཆེན་རྣམ་པས་༢༠༢༢ ལོའི་པེ་ཅིང་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་རྒྱབ་སྐྱོར་ཡོད་པའི་”མཉམ་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་ཚུལ་བཀོད་འདུག 

ཉེ་བའི་ལོ་ཤས་ནང་དུ་རྒྱ་ནག་གིས་བོད་དང་ཤར་ཏུར་ཀི་སི་ཐན་དུ་མི་རིགས་རྩ་མེད་ཀྱི་སྲིད་བྱུས་སྔར་བས་ཤུགས་ཆེར་ལག་ཏུ་བསྟར་བ་དང་། རྒྱལ་སྤྱིའི་ངོ་རྒོལ་ལ་མ་ལྟོས་པར་ཧོང་ཀོང་གི་རང་སྲིད་རང་སྐྱོང་ངམ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ཡོངས་སུ་རྩིས་མེད་རྡོག་རོལ་གཏོང་བ། ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་རྒྱུན་ཆད་མེད་པར་བཏང་ནས་བཙན་འཛུལ་གྱི་འཇིགས་སྐུལ་དྲག་ཏུ་གཏོང་བ་སོགས་བྱས་ཏེ། མངོན་སུམ་འཛེམས་མེད་ཀྱིས་རང་དབང་དང་མང་གཙོའི་ལམ་ལུགས་ཀྱི་ཁ་གཏད་དུ་ལང་བཞིན་ཡོད་པས། མང་གཙོའི་འཛམ་གླིང་དང་རྒྱ་ནག་གཉིས་ཀྱི་བར་དུ་འདས་པའི་ལོ་ངོ་༤༠ ལྷག་གི་ནང་དུ་བྱུང་མྱོང་མེད་པའི་འགལ་ཟླ་བྱུང་དང་འབྱུང་བཞིན་ཡོད།  

དེ་ལ་བརྟེན་ནས་༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་བྱེད་དགོས་པའི་གླེང་སློང་དང་བསམ་གཞིགས་བྱེད་མཁན་གྱི་རྒྱལ་ཁབ་ཇེ་མང་དུ་འགྱུར་བཞིན་ཡོད་འདུག་སྟེ། ཉེ་བའི་བདུན་ཕྲག་འགའི་ནང་དུ་འཛམ་གླིང་མང་གཙོའི་སྟོབས་ཆེན་རྒྱལ་ཁབ་ཆེ་ཤོས་ཁག་སྟེ། ཨ་རི་དང་། ཨོ་སི་ཁྲུ་ལི་ཡ། དབྱིན་ཇི། ཁ་ན་ཌ་བཅས་ཀྱིས་རྩེད་འགྲན་ཆེན་པོ་དེ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་བྱེད་རྒྱུར་བསམ་གཞིགས་ནན་པོ་བྱེད་བཞིན་པའི་སྒང་ཡིན་ཚུལ་བསྒྲགས་ཡོད།

རྒྱ་གར་གྱི་དཔལ་འབྱོར་དུས་བབ་(The Economic Times) ཀྱིས་ཁ་སང་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱིས་མང་གཙོའི་མཐུན་གྲོགས་རྒྱལ་ཁབ་ཚོའི་ལང་ཕྱོགས་ལས་ལྡོག་སྟེ་༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་རྒྱབ་སྐྱོར་བྱས་པའི་གནད་དོན་དང་འབྲེལ་བའི་གསར་འགྱུར་ཞིག་སྤེལ་བའི་ནང་། “ཉེ་བའི་ལོ་ཤས་ནང་དུ་ལྡི་ལི་གསར་པའི་སྲིད་གཞུང་ས་ཁམས་ཆབ་སྲིད་ཀྱི་ཐད་ནས་ཨ་རི་དང་ཐག་ཉེ་རུ་གྱུར་ཞིང་། གནད་དོན་འགའ་ཤས་ཀྱི་ཐོག་ནས་པེ་ཅིང་དང་འགལ་ཟླ་ཤོར་ཡོད། [ཡིན་ན་ཡང་།] རྒྱ་གར་གྱིས་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་རྒྱབ་སྐྱོར་བྱས་པའི་བྱ་སྤྱོད་དེས་རྒྱ་གར་གྱིས་སྔར་རྒྱུན་ལྟར་ཨ་རི་དང་མ་འབྲེལ་བའི་སོ་སོའི་འབྲེལ་ལམ་དང་སྲིད་བྱུས་ཤུགས་ཆེན་པོ་འཛིན་གྱི་ཡོད་པ་སྟོན་གྱི་ཡོད་”ཅེས་བརྗོད་འདུག 

༢༠༢༢ ལོའི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་དེ་ཕྱི་ལོ་༢༠༢༢ ལོའི་ཕྱི་ཟླ་༢ པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་གཏན་འཁེལ་ཡོད་ཅིང་། དེ་ནི་༢༠༠༨ ལོའི་དབྱར་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་རྗེས་སུ་རྒྱ་ནག་ཏུ་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་རྩེད་མོའི་འགྲན་བསྡུར་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག འོན་ཀྱང་། ད་ལྟ་༢༠༢༢ ལོའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་བཀག་སྡོམ་བྱེད་དགོས་པའི་དགོས་འདུན་འདོན་མཁན་གྱི་གྲོས་ཚོགས་འཐུས་མི་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཇེ་མང་དུ་འགྲོ་བཞིན་ཡོད་འདུག་པས། རྩེད་འགྲན་ཆེན་མོ་དེ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་བྱེད་སྲིད་པ་ཆགས་ཀྱི་ཡོད་འདུག །  

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།