རྒྱ་གར་གྱིས་གཞུང་ཚབ་ལས་བྱེད་རྣམས་ཨབ་གྷ་ནི་སི་ཐན་ནས་ཕྱིར་འཐེན་བྱེད་རྒྱུ་རེད་འདུག 

ཋ་ལེ་བྷན་ཁ་ཆེའི་ཚོགས་པས་ཨབ་གྷ་ནི་སི་ཐན་བཙན་གྱིས་བཟུང་ནས་རྒྱལ་ཁབ་ཧྲིལ་པོ་འཇིགས་སྣང་དང་ངེས་གཏན་བྲལ་བའི་གནས་སྟངས་འོག་ཏུ་ལྷུངས་པའི་དུས་སྐབས་འདིར། རྒྱ་གར་གྱིས་ཨབ་གྷ་ནི་སི་ཐན་དུ་ལས་དོན་སྒྲུབ་བཞིན་པའི་གཞུང་ཚབ་པ་དང་ལས་བྱེད་ཚང་མ་འཕྲལ་དུ་ཕྱིར་འཐེན་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་འདུག

ཋ་ལེ་བྷན་ཁ་ཆེའི་ཚོགས་པས་ཨབ་གྷ་ནི་སི་ཐན་བཙན་གྱིས་བཟུང་ནས་རྒྱལ་ཁབ་ཧྲིལ་པོ་འཇིགས་སྣང་དང་ངེས་གཏན་བྲལ་བའི་གནས་སྟངས་འོག་ཏུ་ལྷུངས་པའི་དུས་སྐབས་འདིར། རྒྱ་གར་གྱིས་ཨབ་གྷ་ནི་སི་ཐན་དུ་ལས་དོན་སྒྲུབ་བཞིན་པའི་གཞུང་ཚབ་པ་དང་ལས་བྱེད་ཚང་མ་འཕྲལ་དུ་ཕྱིར་འཐེན་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་འདུག 

ཉིན་གཉིས་ཀྱི་གོང་སྟེ་རེས་གཟའ་ཉི་མའི་ཉིན་ཋ་ལེ་བྷན་ཁ་ཆེའི་ཚོགས་པ་ཨབ་གྷ་ནི་སི་ཐན་གྱི་རྒྱལ་ས་ཁ་བྷོལ་(Kabul) དུ་འཛུལ་ནས་སྲིད་འཛིན་གྱི་ཕོ་བྲང་བཟུང་སྟེ་འདས་པའི་ལོ་ངོ་ཉི་ཤུའི་དམག་འཁྲུག་གི་རྒྱལ་ཁ་ཁོ་ཚོར་ཐོབ་པའི་གསལ་བསྒྲགས་སྤེལ་བའི་རྗེས། དཀྱིལ་ཤར་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་དེ་འཇིགས་སྣང་དང་དངངས་འཚབ། རྙོག་ཟིང་དང་ངེས་གཏན་བྲལ་བའི་གནས་སྟངས་འཇིགས་སུ་རུང་བའི་ནང་དུ་ལྷུངས་ཡོད་པ་དང་། དེ་ལ་བརྟེན་ནས་ཨ་རི་དང་དབྱིན་ཇིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མྱུར་སྐྱོབ་དམག་མི་བཏང་ནས་སོ་སོའི་གཞུང་ཚབ་ལས་བྱེད་དང་། མི་སེར་རྣམས་བདེ་འཇགས་ཀྱི་གནས་སུ་དབོར་འདྲེན་བྱེད་འགོ་བརྩམས་ཡོད། 

དེ་བཞིན་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་རས་གཟའ་མིག་དམར་ཉིན་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་དུ། “ཛ་དྲག་གི་གནས་སྟངས་ལ་བརྟེན་ནས། ཁ་བྷོས་(Kabul) སུ་ལས་དོན་གཉེར་བཞིན་པའི་གཞུང་ཚབ་པ་དང་། ཁོང་གི་རྒྱ་གར་ལས་མི་ཚང་མ་འཕྲལ་དུ་རྒྱ་གར་ལ་ཕྱིར་འཐེན་བྱེད་རྒྱུའི་ཐག་གཅོད་བྱུང་ཡོད་”ཅེས་བརྗོད་ཡོད་འདུག 

ཋ་ལེ་བྷན་ཁ་ཆེའི་ཚོགས་པས་ཨབ་གྷ་ནི་སི་ཐན་བཙན་བཟུང་བྱས་པ་ནས་བཟུང་། རྒྱལ་ཁབ་དེའི་མི་མང་དང་། ལྷག་པར་དུ་བུད་མེད་རྣམས་ཀྱིས་སོ་སོའི་བདེ་འཇགས་དང་། ཤེས་ཡོན་སློབ་གསོ། འཚོ་གནས་སོགས་ལ་སེམས་ཁྲལ་དང་། འཇིགས་སྣང་དཔག་མེད་བྱས་ཏེ་རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་ལ་འགྲོ་ཐབས་བྱེད་ཀྱིན་ཡོད་འདུག་སྟེ། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་བརྒྱུད་སྐུར་ཤུགས་ཆེན་བྱེད་བཞིན་པའི་བརྙན་དག་གི་ནང་དུ། མི་མང་མང་པོ་ཞིག་གནམ་ཐང་དང་། མེ་འཁོར་བབ་ཚུགས་སུ་འཚངས་ནས་གནམ་གྲུ་དང་མེ་འཁོར་དུ་འཛུལ་ཐབས་བྱེད་བཞིན་འདུག་པ་མ་ཟད། དེ་འདྲའི་བརྙན་ཐུང་གཅིག་གི་ནང་དུ། མི་གཉིས་བར་སྣང་ནས་འཕུར་བཞིན་པའི་གནམ་གྲུའི་ཐོག་ནས་མར་ཐང་དུ་ཟག་པའི་བརྙན་སྐྱི་གཡའ་བ་དང་ཤ་འདར་བ་ཞིག་ཀྱང་མཐོང་རྒྱུ་འདུག 

ད་ལྟའི་ཆར་ཨབ་གྷ་ནི་སི་ཐན་ནས་གཞུང་ཚབ་མི་སྣ་ཕྱིར་འཐེན་མི་བྱེད་མཁན་གྱི་རྒྱལ་ཁབ་ཆེན་པོ་གཉིས་ནི། རྒྱ་ནག་དང་ར་ཤི་ཡ་གཉིས་ཡིན་འདུག་པ་དང་། རྒྱ་ནག་གིས་ཋ་ལེ་བྷན་ཁ་ཆེའི་ཚོགས་པ་དང་ལྷན་དུ་“མཛའ་འབྲེལ་”འཛུགས་འདོད་ཡོད་སྐོར་ཕྱིར་བསྒྲགས་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།   

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།