རྒྱ་གར་གྱིས་བཙུགས་པའི་བོད་ཀྱི་གསང་བའི་དམག་སྡེའི་བྱས་རྗེས་དང་ལོ་རྒྱུས།

རྒྱ་གར་མངའ་སྡེ་ཨུ་ཏར་ཁན་ཌ་ནང་ཡོད་པའི་རྒྱ་གར་དམག་ཁོངས་སུ་བོད་ཀྱི་གསང་བའི་དམག་སྡེ་ཞིག་ཡོད་ཅིང་། དམག་སྡེ་དེ་ནི་ཕྱི་ལོ་༡༩༦༢ ལོར་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་བྱུང་རྗེས་སུ་བཙུགས་པ་ཞིག་ཡིན།

རྒྱ་གར་མངའ་སྡེ་ཨུ་ཏར་ཁན་ཌ་ནང་ཡོད་པའི་རྒྱ་གར་དམག་ཁོངས་སུ་བོད་ཀྱི་གསང་བའི་དམག་སྡེ་ཞིག་ཡོད་ཅིང་། དམག་སྡེ་དེ་ནི་ཕྱི་ལོ་༡༩༦༢ ལོར་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་བྱུང་རྗེས་སུ་བཙུགས་པ་ཞིག་ཡིན།

དེ་ཡང་ཕྱིི་ལོ་༡༩༦༢ ཟླ་བ་༡༡ ཚེས་༡༤ ཉིན་དམག་སྡེ་དེ་དངོས་སུ་དབུ་བརྙེས་པ་དང་། དེ་ནི་རྒྱ་གར་དམག་ཁོངས་སུ་ཡོད་པའི་གསང་བའི་དམག་སྡེ་གལ་ཆེ་གཅིག་ཡིན་ཡང་། དེའི་སྐོར་ད་ཆ་ཡང་ཤེས་མཁན་དཀོན་པོ་ཡིན།

དམག་སྡེ་དེ་ལ་བོད་ཀྱི་དམིགས་བསལ་དམག་མི་(Tibetan Special Force) ཞེས་འབོད་ཀྱི་ཡོད་འདུག་ལ། གསང་མིང་ལ་དམག་སྡེ་༢༢ (Establishment 22) ཞེས་བཏགས་ཡོད་ཅིང་། ཕྱིས་སུ་དམིགས་བསལ་ས་མཚམས་དམག་གི་རུ་ཁག་(Special Frontier Force-SFF) ཅེས་བཏགས་འདུག

དམག་སྡེ་དེས་རྒྱ་གར་གྱི་དམག་དོན་ལས་འགུལ་མང་དག་ཞིག་ནང་ཞབས་རྗེས་རླབས་ཆེན་བཞག་མྱོང་ཡོད་པ་དང་། དེ་ཡང་ཞབས་རྗེས་ཆེ་ཤོས་གཅིག་ནི་ཕྱི་ལོ་༡༩༧༡ ལོར་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་བར་དམག་འཁྲུག་བྱུང་སྐབས། རྒྱ་གར་གྱི་དམག་དཔུང་རྣམས་དམག་སར་མ་ཐོན་གོང་། སྔོན་འགྲོར་དམག་སྡེ་དེའི་བོད་དམག་༣༠༠༠ ཙམ་ཤར་པཱ་ཀཱི་སི་ཐན་ནང་གཏོང་སྐབས། ཁོང་ཚོས་འཇབ་རྒོལ་གྱི་ཐོག་ནས་པཱ་ཀཱི་སི་ཐན་གྱི་དམག་དཔུང་རིམ་པ་དང་འཐབ་འཛིང་བྱས་ཏེ་ཕམ་ཉེས་ཆེན་པོ་བཏང་ཡོད་འདུག

དམག་འཁྲུག་དངོས་གཞི་དེ་༡༩༧༡ ཟླ་བ་༡༡ ཚེས་༣ ནས་༡༦ བར་ཏེ་ཁྱོན་ཉིན་གྲངས་༡༣ རིང་འཐབ་འཛིང་རྗེས། པཱ་ཀཱི་སི་ཐན་ལ་ཕམ་ཉེས་ཆེན་པོ་ཐེབས་པས། མཐར་ཕྱི་ལོ་༡༩༧༡ ཟླ་བ་༡༡ ཚེས་༡༦ ཉིན་པཱ་ཀཱི་སི་ཐན་དམག་གིས་རྒྱ་གར་ལ་མགོ་བཏགས་ཞུས་པ་རེད།

སྐབས་དེར་ཤར་པཱ་ཀཱི་སི་ཐན་གྱི་ཁོངས་གཏོགས་བྷང་ལ་ཌེ་ཤེ་ཞེས་པའི་ལུང་པ་དེ་པཱ་ཀཱི་སི་ཐན་ལས་ཁ་བྲལ་ཏེ་རང་བཙན་རྒྱབ་ཁབ་ཅིག་ཆགས་པ་རེད།

རྒྱ་གར་གསར་ཁང་དེས་བརྗོད་པ་ལྟར། ཕྱི་ལོ་༡༩༧༡ ལོར་རྒྱ་གར་ལ་དམག་འཁྲུག་དེའི་རྒྱལ་ཁ་ཐོབ་པར་ཞབས་རྗེས་གཙོ་བོ་འཇོག་མཁན་དེ་ནི་བོད་ཀྱི་གསང་བའི་དམག་སྡེ་དེའི་དམག་དཔུང་རྣམས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། དམག་འཁྲུག་དེའི་སྐབས་བོད་དམག་༤༩ ཙམ་གྲོངས་ཡོད་པ་མ་ཟད། ༡༩༠ ཙམ་ལ་རྨས་སྐྱོན་ཡང་ཕོག་ཡོད་འདུག

འོན་ཀྱང་དམག་སྡེ་དེ་ཆེས་གསང་བ་ཞིག་ཡིན་པས། དམག་འཁྲུག་ཐོབ་རྗེས་རྒྱ་གར་གཞུང་གིས་བོད་དམག་༥༨༠ ཙམ་ལ་མངོན་ཆུང་གི་ཐོག་ནས་ལེགས་གསོལ་དུ་དངུལ་རྔན་གང་འཚམས་རེ་ཕུལ་ཡོད་པ་མ་གཏོགས། ཡོངས་གྲགས་གཞུང་མང་གི་མདུན་སར་ཆེ་བསྟོད་དང་གཟེངས་རྟགས་ཕུལ་མྱོང་མེད་འདུག མ་ཟད། གོ་གནས་མི་སྤར་བ་དང་། གླ་ཕོགས་ཉུང་བ། བགྲེས་ཕོགས་ཉུང་བའམ་མི་ཕུལ་བ་སོགས་ཀྱི་དབྱེ་འབྱེད་ཡོད་པའི་གནས་ཚུལ་ཡང་གླེང་སློང་གནང་འདུག

གསང་བའི་དམག་སྡེ་དེའི་བོད་དམག་ཚོས་༡༩༧༡ ལོར་དམག་འཁྲུག་གི་རྒྱལ་ཁ་བླངས་པའི་ཞབས་རྗེས་དེ་ཙམ་མ་ཟད། ད་དུང་༡༩༨༤ ལོའི་ (Operation Blue Star) ཞེས་པའི་དམག་རྒོལ་དང་། ཀར་གྷིལ་དམག་འཁྲུག་སོགས་ཀྱི་སྐབས་ལ་ཡང་ཞབས་རྗེས་རླབས་ཆེན་བཞག་མྱོང་ཡོད།

ཡང་འཇིགས་སྐུུལ་རིང་ལུགས་པར་འཐབ་རྒོལ་བྱེད་པའི་སྐབས་མང་པོ་ལ་ཡང་བྱས་རྗེས་ཆེན་པོ་བཞག་དང་འཇོག་མུས་ཡིན་པས། རྒྱ་གར་དམག་སྤྱི་ཆེན་པོ་ཨུ་བྷན་(SS Uban) ལགས་ཀྱིས་བོད་དམག་དེ་དག་འགོག་ཐབས་མེད་པ་རེད་ཅེས་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་གནང་མྱོང་འདུག

དེ་བཞིན་ཕྱི་ལོ་༡༩༨༤ ལོར་རྒྱ་གར་སྲིད་བློན་དབྱིན་ཌེ་ར་གྷན་རྡི་བཀྲོངས་པའི་རྗེས་སུ། གྷན་རྡི་ཁྱིམ་ཚང་གི་སྐུ་སྲུང་འགན་ལེན་ཐོག་ལ་ཡང་མཛད་རྗེས་ཆེན་པོ་བཞག་ཡོད་པར་གྲགས།

གསར་ཁང་འདིའི་སྙན་སྒྲོན་པས། ཕྱི་ལོ་༡༩༧༡ ལོའི་དམག་འཁྲུག་གི་རྒྱལ་ཁ་དེའི་ཆེ་མཐོང་ཡོངས་རྫོགས་བོད་ཀྱི་གསང་བའི་དམག་སྡེ་དེར་འབུལ་འོས་སྐོར་དང་། དམག་སྡེ་དེས་ཞབས་རྗེས་རླབས་ཆེན་དེ་འདྲ་བཞག་ཡོད་ཀྱང་། ཁོང་ཅག་མི་མངོན་པའི་དཔའ་བོའམ་ཡོངས་གྲགས་མེད་པའི་ཚུལ་དུ་བཞག་ཡོད་པ་དེ་ཕངས་པོ་ཡིན་སྐོར་སོགས་ཀྱང་གསུངས་འདུག

མ་ཟད་རྒྱ་གར་གཞུང་མང་གཉིས་ནས་དམག་སྡེ་དེའི་མཛད་རྗེས་རྗེས་དྲན་དང་། བོད་དམག་རྣམས་ལ་ཆེ་མཐོང་དང་གཟེངས་བསྟོད་གནང་དགོས་པའི་དྲན་སྐུལ་ཡང་གནང་འདུག་ལ། བོད་དམག་རྣམས་ཀྱིས་བློས་གཏོང་ཆེན་པོས་རྒྱ་གར་སྲུང་སྐྱོབ་ལ་མཛད་རྗེས་རླབས་ཆེན་བཞག་དང་འཇོག་མུས་ཡིན་པ་དེ་ནི། ནམ་ཡང་བརྗེད་དུ་མེད་པའི་དྲིན་ཆེན་ཡིན་སྐོར་དང་། ད་ལན་བརྙན་ཐུང་འདི་ཡང་བོད་དམག་རྣམས་རྗེས་དྲན་ཀྱི་ཆེད་བཟོས་པ་སོགས་ཀྱི་སྐོར་བཅས་གླེང་འདུག།

མཆན། ཕྱི་ལོ་ ༡༩༧༡ ལོའི་དམག་འཁྲུག་དེའི་སྐབས། ད་ལྟའི་བྷང་ལ་ཌེ་ཤེ་ཞེས་པའི་རྒྱལ་ཁབ་དེ་པཱ་ཀཱི་སི་ཐན་གྱི་ཁོངས་གཏོགས་ཡིན་ལ། དམག་འཁྲུག་གི་རྗེས་སུ་པཱ་ཀཱི་སི་ཐན་ལས་ཁ་བྲལ་ཏེ་རང་བཙན་རྒྱལ་ཁབ་ཆགས་པ་རེད།

Operation Blue Star ཞེས་པ་དེ་ནི། རྒྱ་གར་ནང་ཡོད་པའི་སིཁ་ཆོས་ལུགས་པའི་ཤོག་ཁག་ཅིག་གིས་པན་ཇབ་མངའ་ཁོངས་སོགས་ལ་ཁ་ལཱིས་ཏཱན་ཞེས་པའི་རང་བཙན་རྒྱལ་ཁབ་དགོས་པའི་ཁ་བྲལ་རྩོད་ཅིང་། པཱ་ཀཱི་སི་ཐན་དང་འབྲེལ་བ་ཞུས་ཏེ་གོ་མཚོན་མཁོ་སྒྲུབ་དང་དམག་སྦྱོང་བྱས་ཏེ། རིམ་བཞིན་ཁ་བྲལ་ལས་འགུལ་དེ་རྒྱ་གར་ལ་ཉེན་ཚབས་ཆེན་པོར་གྱུར་པས། ཕྱི་ལོ་༡༩༨༤ ནང་སྲིད་བློན་དབྱིན་ཌེ་ར་གྷན་རྡི་ཡིས་བཀའ་མངགས་ལྟར། རྒྱ་གར་དམག་གིས་༡༩༨༤ ཟླ་བ་༦ ཚེས་༡ ནས་༨ བར་པན་ཇབ་ས་ཁོངས་ཀྱི་ཁ་བྲལ་བ་དེ་དག་འཛིན་བཟུང་དང་གཏོར་རྒོལ་བྱས་ཏེ་ཕམ་ཉེས་བཏང་བའི་འཐབ་རྒོལ་དེའི་མིང་ཡིན།

འོན་ཀྱང་རྒྱ་གར་སྤྱི་ཚོགས་ནང་འཐབ་རྒོལ་འདི་ནི་སྲིད་བློན་དབྱིན་ཌེ་ར་གྷན་རྡི་ཡིས་སྒེར་ལ་ཆབ་སྲིད་ཀྱི་ཁེ་ཕན་ཆེད་ཇུས་ངན་བཏིང་བའི་མི་གསོད་ཁྲག་སྦྱོར་གྱི་བྱས་ཉེས་ཞིག་ཡིན་པའི་སྐྱོན་བརྗོད་གནང་མཁན་ཡང་ཧ་ཅང་མང་པོ་ཡོད་ལ། དེང་སྐབས་ཀྱང་རྙོག་གླེང་ཆེ་ཤོས་ཀྱི་གནས་དོན་ཞིག་ཡིན།

འཐབ་རྒོལ་གྱི་དོན་དེའི་རྐྱེན་པས། ཁ་ལཱིས་ཏཱན་རང་བཙན་འཐབ་རྩོད་པ་རྣམས་སྲིད་བློན་དབྱིན་ཌེ་ར་གྷན་རྡི་ལ་ཞེ་འཁོན་ཧ་ཅང་ཆེན་པོར་གྱུར་པས། ཕྱི་ལོ་༡༩༨༤ ཟླ་བ་༡༠ ཚེས་༣༡ ཉིན་སྲིད་བློན་ཁོང་གི་སྒེར་གྱི་སྐུ་སྲུང་བ་ཡིན་པའི་པན་ཇབ་མི་གཉིས་ཀྱིས་མེ་མདའ་བརྒྱབ་སྟེ་བཀྲོངས་པའི་ཆག་སྒོ་ཆེན་པོ་དེ་བྱུང་བ་རེད།

མ་ཟད་ཁོང་མོ་བཀྲོངས་པའི་རྗེས་སུ། མི་མང་སྟོང་ཕྲག་པོས་རྒྱ་གར་རྒྱལ་ས་ལྡི་ལི་གཙོས་ས་གནས་མང་པོར་པ་ཇབ་གྲངས་ཉུང་མི་རིགས་རྣམས་རུབ་རྡུང་དང་། དམར་གསོད། ཅ་དངོས་གཏོར་བཅོམ་བཏང་བ་སོགས་ཛ་དྲག་གི་ཟིང་འཁྲུག་ཧ་ཅང་ཆེན་པོ་བྱུང་ཡང་། སྐབས་དེའི་གཞུང་འཛིན་ཚོགས་པ་ཀོང་རེ་སི་གཞུང་གིས་ཉིན་ཤས་རྗེས་སུ་མ་གཏོགས་ཉེན་རྟོག་པ་བཏང་སྟེ་དོན་རྐྱེན་དེ་བཀག་འགོག་གནང་མེད་པས། རྒྱ་གར་བ་ཧ་ཅང་མང་པོས་ཀོང་རེ་སི་གཞུང་གིས་དབྱིན་ཌེ་ར་གྷན་རྡི་བཀྲོངས་པའི་དགྲ་ཤ་ལེན་ཆེད། ཟིང་འཁྲུག་དེ་དུས་ཐོག་བཀག་འགོག་གནང་མེད་སྐོར་དང་། ཆེད་མངགས་མི་མང་ལ་སྐུལ་སློང་བྱས་ཏེ་ཉེས་མེད་པན་ཇབ་མི་མང་སྟོང་ཕྲག་མང་པོར་རུབ་རྡུང་བྱེད་བཅུག་ཡོད་སྐོར་སོགས་ཉེས་འཛུགས་བྱས་དང་བྱེེད་མུས་ཡིན་ལ། ཟིང་འཁྲུག་གི་དོན་རྐྱེན་དེ་ནི་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ལོ་རྒྱུས་ནང་ནག་ཉེས་ཆེ་ཤོས་དང་རྙོག་གླེང་ཆེ་ཤོས་ཀྱི་གནད་དོན་ཞིག་ཡིན་པ་ཡང་ངོས་འཛིན་བྱེད་ཀྱི་ཡོད།།

གནས་ཚུལ་འདི་ནི། ཁ་ཉིན་ནམ་ཕྱི་ལོ་༢༠༡༩ ཟླ་བ་༧ ཚེས་༢༩ ཉིན་རྒྱ་གསར་ཁང་ Deep Dive ཞེས་པ་དེས་སྤེལ་བའི་བརྙན་ཐུང་དེ་དང་ཡིག་ཐོག་འཁོད་པའི་གནས་ཚུལ་དེ་གཉིས་ལྟ་ཀློག་ཞུས་རྗེས། དེའི་སྙིང་དོན་བོད་བསྒྱུར་དང་སྐབས་འབྲེལ་ལོ་དུས་དང་དོན་གནད་འགའ་ཁ་སྣོན་བྱས་ཤིང་། མཆན་རྣམས་གསལ་བཤད་ཀྱི་ཆེད་གསར་སྣོན་ཞུས།
བརྙན་འཕྲིན་དྲ་ཐག  

བྱམས་པ་ལྷུན་གྲུབ་ཀྱིས་ ༢༠༡༩།༧།༣༡ ཉིན།

 

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།