རྒྱ་གར་གྱིས་བཤད་ན་འཛམ་བུ་གླིང་གིས་ཉན་གྱི་ཡོད་པས་རྒྱ་གར་གྱིས་བོད་དོན་གླེང་བའི་རེ་བ་ཡོད།
ཟླ་འདིའི་ཚེས་༢༡ ་ཉིན་གྱི་སྔ་དྲོར་སྲིད་ཟུར་བློ་བཟང་སེང་གེས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཡོད་པའི་རྒྱ་གར་གྱི་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་ཡུལ་བབ་སྲིད་བྱུས་དང་སྐུའི་ཡང་སྲིད་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་འདུག
སྐབས་དེར་སྲིད་ཟུར་གྱིས་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སྙིང་བསྡུས་དང་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་ལམ་ལུགས། བོད་ནང་གི་ཛ་དྲག་གི་གནས་སྟངས། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས། ཨ་རིའི་གཞུང་གི་སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ཕྱི་ལོ་༢༠༢༠ ལོའི་ཁྲིམས་འཆར་སོགས་ཀྱི་ཐོག་ལ་གསལ་བཤད་དང་གཏམ་བཤད་གནང་ཡོད་འདུག
སྲིད་ཟུར་བློ་བཟང་སེང་གེས་ཕྱོགས་གཅིག་ནས་ད་ལྟའི་ཆར་རྒྱ་ནག་གི་ནང་པ་ས་ཡ་༤༠༠ ལྷག་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ནང་ཆོས་དེ་འཛམ་གླིང་ཡོངས་ལ་དར་ཁྱབ་འགྲོ་བཞིན་པའི་ཆོས་ལུགས་ཤིག་ཆགས་ཀྱི་ཡོད་པར་བརྟེན། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ཡང་རང་བཞིན་གྱིས་ཡུལ་བབས་སྲིད་བྱུས་དང་འབྲེལ་བ་ཆེན་པོ་ཆགས་ཡོད་ཅེས་དང་།
གཏམ་བཤད་གྲུབ་མཚམས་སུ་རྒྱ་གར་གྱི་(ANI) ་གསར་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དྷ་སར་ཕེབས་པ་དང་། ༧གོང་ས་མཆོག་དང་སྲིད་འཛིན་བྷ་ཌན་མཇལ་འཕྲད་གནང་སྲིད་མིན་སོགས་ཀྱི་ཐོག་ལ་བཅར་འདྲི་ཞིག་ཞུས་པའི་ལན་དུ། སྲིད་ཟུར་མཆོག་གིས་ཆབ་སྲིད་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་དེས་གླིང་ཆེན་ཞིག་བརྒལ་ནས་བཞུགས་སྒར་དྷ་སར་ཕེབས་ཏེ།༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་དེས་ཨེ་ཤེ་ཡ་དང་རྒྱ་ནག་ལ་ཨ་རིས་བོད་ལ་རྒྱབ་སྐྱོར་ཡོད་པའི་བརྡ་ལན་གསལ་བོ་ཞིག་སྤྲད་པ་རེད་ཅེས་དང་། ད་ལྟའི་ཆར་བཙན་བྱོལ་བོད་མི་མང་ཆེ་བ་རྒྱ་གར་དུ་ཡོད་པ་དང་། ༧གོང་ས་མཆོག་གིས་ཀྱང་ངོས་ནི་རྒྱ་གར་གྱི་བུ་ཞིག་ཡིན་ཞེས་གསུངས་ཡོད་པར་ལྟར། གལ་སྲིད་རྒྱ་གར་གྱིས་བཤད་ན་འཛམ་བུ་གླིང་གིས་ཉན་གྱི་ཡོད་པར་བརྟེན། རྒྱ་གར་གྱིས་བོད་གླེང་བའི་རེ་བ་ཡོད་ཅེས་དང་། བོད་མི་ཚོར་མཚོན་ན་རྒྱ་གར་གཞུང་དམངས་གཉིས་ལས་ལྷག་གི་བཀའ་དྲིན་ཆེ་བ་ཞིག་མེད་ཅེས་གསུངས་སོང་། གཞན་ཡང་། ༧གོང་ས་མཆོག་ཞབས་པུས་སྨན་བཅོས་ཁོ་ནའི་ཆེད་དུ་ཨ་རི་ལ་ཕེབས་ཀྱི་ཡོད་ན་ཡང་། སྔོན་ཆད་ཀྱི་སྲིད་འཛིན་མང་པོས་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་ལྷག་པར་དུ་སྲིད་འཛིན་བྷ་ཌན་གྱིས་དེ་སྔའི་འོས་བསྡུའི་སྐབས་སུ།༧གོང་ས་མཆོག་དང་མཇལ་རྒྱུ་ཡིན་ཞེས་གསུངས་པ་ལྟར་མཇལ་བའི་རེ་བ་ཡོད་ཅེས་དང་། གལ་སྲིད་སྲིད་འཛིན་བྷ་ཌན་གྱིས་༧གོང་ས་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན་ནས་ཁྲིམས་འཆར་ལ་མཚན་རྟགས་བཀོད་པ་ཡིན་ན། དེ་ནི་༧གོང་ས་མཆོག་དང་བོད་མི་ཚོ་ལ་ལག་རྟགས་ཡག་ཤོས་དེ་ཆགས་ཀྱི་རེད་ཅེས་ལན་འདེབས་གནང་སོང་།
སྲིད་ཟུར་བློ་བཟང་སེང་གེས་རྒྱ་གར་གྱི་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་གསུང་བཤད་གནང་བའི་སྐབས། རྒྱ་གར་གྱི་ཕྱི་འབྲེལ་ལས་བྱེད་ཟུར་པ་དང་གསར་འགོད་པ། བོད་དོན་ལ་དོན་གཉེར་ཅན་དང་བོད་པའི་མཐོ་རིམ་སློབ་གཉེར་བ་སོགས་མི་གྲངས་ཁྱོན་བསྡོམས་ཉིས་བརྒྱ་ཙམ་ཕེབས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།