རྒྱ་གར་གྱིས་ཨུ་རུ་སུ་ལ་ཉེས་འཛུགས་ཀྱི་གྲོས་ཆོད་ལ་རྒྱབ་སྐྱོར་བྱས་མི་འདུག

ཟླ་འདིའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་ནང་དུ་ཨུ་རུ་སུ་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་ལ་རྒྱ་གར་གྱིས་རྒྱབ་སྐྱོར་བྱས་མེད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཨུ་རུ་སུ་ཡིས་ཡུག་རེན་གྱི་ས་ཁུལ་བཞིའི་ནང་དུ་མང་མོས་འོས་བསྡུ་ཞིག་བྱས་ཡོད་པ་དང་། མང་མོས་འོས་བསྡུ་དེ་ནི་ཁྲིམས་འགལ་ཡིན་རབས་དང་དེ་ལ་སྐྱོན་བརྗོད་ཀྱི་དོན་དུ་ཨ་རི་དང་ཨལ་བྷ་ནི་ཡ་གཉིས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་དུ་གྲོས་ཆོད་ཅིག་བཏོན་ཡོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་དུ་ཁྱོན་བསྡོམས་ཚོགས་མི་རྒྱལ་ཁབ་༡༥ ཡོད་པའི་ཁྲོད་ནས་རྒྱལ་ཁབ་༡༠ ཡིས་གྲོས་ཆོད་དེ་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་། རྒྱ་གར་དང་བྷར་ཛིལ། རྒྱ་ནག་དང་གྷ་བྷོན་བཅས་རྒྱལ་ཁབ་བཞི་ཡིས་གྲོས་ཆོད་དེ་ལ་རྒྱབ་སྐྱོར་བྱས་མེད་པ་དང་། ལྷག་པར་དུ་ཨུ་རུ་སུ་ནི་གཏན་འཇགས་ཀྱི་ཚོགས་མི་ཡིན་པ་མ་ཟད། གཏན་འཇགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོ་ལ་གྲོས་གཞི་བཀག་འགོག་བྱེད་ཆོག་པའི་བླ་ན་མེད་པའི་དབང་ཚད་ཡོད་པས་ཨུ་རུ་སུས་ཀྱང་དབང་ཚད་དེ་བེད་སྤྱོད་བྱས་ཡོད་པས་ད་ལྟའི་ཆར་གྲོས་ཆོད་དེ་ནུས་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་བ་སྔོན་མའི་ཚེས་༢༣ ནས་༢༧ བར་ཡུག་རེན་གྱི་ས་ཁུལ་བཞི་ཡི་མི་མང་ཚོ་ཨུ་རུ་སུའི་མངའ་ཁོངས་སུ་འཛུལ་འདོད་ཡོད་མེད་ཀྱི་མང་མོས་འོས་བསྡུ་ཞིག་བྱས་ཡོད་པ་དང་། སྐབས་དེར་ཁར་སན་ས་ཁུལ་གྱི་མི་དམངས་བརྒྱ་ཆ་༨༧.༠༥% དང་། ཛ་པོ་རི་ཤི་ཡའི་མི་དམངས་བརྒྱ་ཆ་༩༣.༡༡% དང་། ལུ་ཧན་སིཀ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་བརྒྱ་ཆ་༩༨.༤༢% ཌོ་ནེ་ཛིཀ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་བརྒྱ་ཆ་༩༩.༢༣% བཅས་ཀྱིས་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱེད་རྒྱུ་ལ་ངོས་ལེན་གྱི་འོས་ཤོག་འཕངས་ཡོད་པའི་གནས་ཚུལ་ཐོན་ཡོད།

ཨ་རི་དང་བྱང་ཆིངས་རྩ་འཛུགས་དང་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོས་ཐེངས་འདིའི་མང་མོས་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་མེད་རབས་བརྗོད་ཡོད་པ་མ་ཟད། ཨུ་རུ་སུའི་མཐུན་གྲོགས་རྒྱལ་ཁབ་སིར་བྷེ་ཡ་དང་ཁ་ཛག་སི་ཐན་གྱིས་ཀྱང་འོས་བསྡུ་དེ་ལ་ངོས་ལེན་མེད་པའི་གསལ་བསྒྲགས་སྤེལ་ཡོད།

ཁ་སང་རེས་གཟའ་པ་སངས་ཀྱི་ཉིན་ཨུ་རུ་སུའི་སྲིད་འཛིན་གྱིས་ཡུག་རེན་གྱི་ས་ཁུལ་བཞི་པོ་ནི་ཨུ་རུ་སུའི་ཁྱབ་ཁོངས་སུ་ཟླ་སྒྲིལ་བཏང་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་ས་ཁུལ་དེ་དག་གི་མི་སེར་རྣམས་ནི་ནམ་ཡང་ཨུ་རུ་སུའི་མི་སེར་ཡིན་པའི་སྐོར་གཏམ་བཤད་གནང་ཡོད་འདུག

ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་བར་དུ་དམག་འཁྲུག་ལངས་ནས་ད་བར་ཟླ་བ་བདུན་ལྷག་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་ཨུ་རུ་སུས་ཡུག་རེན་གྱི་ས་ཁུལ་བཞི་ཨུ་རུ་སུའི་ཁྱབ་ཁོངས་སུ་ཟླ་སྒྲིལ་བཏང་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པས། ས་ཁུལ་དེ་དག་གི་རྒྱ་ཁྱོན་ནི་ཡུག་རེན་གྱི་ས་ཁྱོན་གྱི་བརྒྱ་ཆ་༡༥% ཟིན་ཡོད་འདུག

ཉམས་ཞིབ་པ་ཁག་ཅིག་གིས་ཡུག་རེན་གྱི་ཁ་བྲལ་ས་ཁུལ་བཞི་ཨུ་རུ་སུའི་མངའ་ཁོངས་སུ་བསྡུས་པའི་རྗེས་སུ་དམག་འཁྲུག་ཛ་དྲག་ཆེ་རུ་འགྲོ་སྲིད་རབས་དང་། གལ་སྲིད་ཡུག་རེན་གྱིས་ཨུ་རུ་སུས་དབང་བསྒྱུར་བྱས་ཟིན་པའི་ས་ཁུལ་བཞི་པོ་ལ་གཏོར་རྒོལ་བྱས་ཚེ། ཨུ་རུ་སུས་ཡུག་རེན་གྱིས་ཨུ་རུ་སུའི་ས་ཁུལ་ལ་གཏོར་རྒོལ་བྱས་སོང་ཞེས་བརྗོད་ནས། ཨུ་རུ་སུས་རང་ཉིད་ཀྱི་མངའ་ཁོངས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་བརྗོད་ནས་རྡུལ་ཕྲན་མཚོན་ཆ་ཡང་བེད་སྤྱོད་གཏོང་སྲིད་རབས་བརྗོད་བཞིན་འདུག ཕྱོགས་གཉིས་ཀྱི་དམག་འཁྲུག་ནི་མི་མང་པོའི་སེམས་འཚབ་བྱེད་ཡུལ་དུ་གྱུར་ཡོད་འདུག

ཟླ་འདིའི་ཚེས་༢༡ ཉིན་ཨུ་རུ་སུའི་སྲིད་འཛིན་གྱིས་ཟུར་བཀག་དམག་མི་བསྡུ་རུབ་བྱེད་རྒྱུའི་གཏམ་བཤད་གནང་བའི་སྐབས་སུ། ཨུ་རུ་སུའི་སྲིད་འཛིན་གྱིས་ཨུ་རུ་སུའི་མངའ་ཁོངས་དང་ཨུ་རུ་སུའི་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་ཕྲད་ན། ཨུ་རུ་སུས་མཚོན་ཆ་གང་ཡོད་པ་ཚང་མ་བཀོལ་སྤྱོད་བྱེད་རྒྱུ་ལ་ཐེ་ཚོམ་མེད་རབས་བརྗོད་ཡོད་ལ་སྐད་ཆ་དེ་འུད་སྒྲིག་ཤོད་པ་ཞིག་མིན་ཞེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།