རྒྱ་གར་གྱིས་ཨུ་རུ་སུའི་རྡོ་སྣུམ་མང་པོ་མུ་མཐུད་ནས་ཉོ་བཞིན་འདུག
རྒྱལ་སྤྱིའི་ནང་ནུབ་ཕྱོགས་རྒྱལ་ཁབ་ཁག་གཙོས་པའི་གཞུང་མང་པོ་ཞིག་གིས། ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཏང་ཡོད་པའི་ཐོག། རྒྱལ་ཁབ་གཞན་གྱིས་ཨུ་རུ་སུའི་རྡོ་སྣུམ་ཉོ་མི་རུང་བའི་གནོན་ཤུགས་སྤྲོད་བཞིན་ཡོད་ཀྱང་། རྒྱ་གར་གྱིས་གནོན་ཤུགས་དེ་རིགས་འོག་ཏུ་མ་སོང་བར། ཨུ་རུ་སུ་ནས་རྡོ་སྣུམ་ཉོ་བའི་གྲངས་འབོར་མང་དུ་ཕྱིན་འདུག
ཟླ་༦ པའི་ཚེས་༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་བྷི་བྷི་སི་ཐོག་ཏུ་གནས་ཚུལ་སྤེལ་གསལ། ལོ་འདིའི་མགོ་སྟོད་ཟླ་༡ དང་༢ པའི་ནང་རྒྱ་གར་གྱིས་ཨུ་རུ་སུ་ནས་རྡོ་སྣུམ་གང་ཡང་ཉོས་མེད་འདུག་པ་དང་། ཟླ་༢ པའི་ཟླ་མཇུག་ཏུ་ཨུ་རུ་སུས་ཡུག་ཀེ་རན་ནང་བཙན་འཛུལ་འགོ་བཙུགས་རྗེས། ཨུ་རུ་སུར་ངོ་རྒོལ་བྱེད་ཆེད་དུ་རྒྱལ་སྤྱིའི་ནང་ཨུ་རུ་སུའི་རྡོ་སྣུམ་ཉོ་མཁན་ཉུང་དུ་ཕྱིན་པར་བརྟེན། རྒྱལ་ཁབ་དེ་ལས་ཐོན་པའི་རྡོ་སྣུམ་གྱི་རིན་གོང་ཆུང་དུ་ཕྱིན་འདུག་པས། ཟླ་༣ པ་དང་༤ པ། ༥ པ་བཅས་ཀྱི་ནང་དུ་རྒྱ་གར་གྱིས་ཨུ་རུ་སུའི་རྡོ་སྣུམ་ཉོ་བའི་གྲངས་འབོར་ཤིན་ཏུ་ཆེན་པོ་ཡར་འཕར་ཡོད་འདུག
འཛམ་གླིང་ནང་རྡོ་སྣུམ་བཀོལ་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་ཆེ་ཤོས་ཨ་རི་དང་རྒྱ་ནག་གི་རྗེས་སུ་རྒྱ་གར་ཆགས་ཀྱི་ཡོད་འདུག་པ་དང་། རྒྱ་གར་གྱི་རྡོ་སྣུམ་བརྒྱ་ཆ་༨༠ ནི་ནང་འདྲེན་བྱེད་ཀྱི་ཡོད་ཁར། རྡོ་སྣུམ་མང་ཤོས་ནི་དཀྱིལ་ཤར་ཡུལ་གྲུ་ཨི་རག་དང་སོ་ཌི་ཨ་རབ། ཨ་རབ་སྤྱི་མཐུན་རྒྱལ་ཁབ། ཨ་རི་སོགས་ནས་ཡིན་ཁར། ཕྱི་ལོ་༢༠༢༡ ལོར་རྒྱ་གར་གྱི་རྡོ་སྣུམ་ནང་འདྲེན་བྱས་པའི་གྲངས་འབོར་ནས་བརྒྱ་ཆ་༢ ཞིག་ཨུ་རུ་སུའི་རྡོ་སྣུམ་ཡིན་འདུག་ཀྱང་། ད་ལྟའི་ཆར་རྒྱ་གར་གྱིས་རྡོ་སྣུམ་ནང་འདྲེན་བྱེད་ཡུལ་གྱི་རྒྱལ་ཁབ་ཁོངས་ནས། རྡོ་སྣུམ་མང་ཤོས་གཉིས་པ་དེ་ཨུ་རུ་སུ་ནས་ནང་འདྲེན་བྱེད་ཀྱི་ཡོད་ཁར། ཟླ་༣ པ་ནས་༦ བར་རྡོ་སྣུམ་ལྕགས་ཟོམ་ས་ཡ་༥༢ ལྷག་ནང་འདྲེན་བྱས་འདུག་པ་དང་། དེ་ནི་ཕྱི་ལོ་༢༠༢༡ ལོའི་ནང་འདྲེན་གྱི་གྲངས་འབོར་ཁྱོན་བསྡོམས་ལས་མཐོ་བ་ཡིན་ཁར། ནང་འདྲེན་གྲངས་འབོར་མུ་མཐུད་ནས་འཕར་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག
ཨུ་རུ་སུ་དང་ཡུག་ཀེ་རན་གཉིས་ཀྱི་དམག་འཁྲུག་ལ་བརྟེན་ནས། རྒྱལ་སྤྱིའི་ནང་རྡོ་སྣུམ་སོགས་ནུས་ཤུགས་ཀྱི་ཐོན་ཁུངས་རིགས་ཀྱི་རིན་གོང་འཕར་བཞིན་པའི་སྐབས་དེར། རྒྱ་གར་གྱིས་རིན་གོང་ཆུང་ཆུང་ཡིན་པའི་ཨུ་རུ་སུའི་རྡོ་སྣུམ་མང་པོ་ཉོ་ཐབས་བྱེད་བཞིན་ཡོད་འདུག འོན་ཀྱང་རྒྱལ་སྤྱིའི་ནང་ཨུ་རུ་སུའི་དངུལ་ཁང་ཁག་གི་ཐོག་ཏུ་དཔལ་འབྱོར་ཉེས་ཆད་བཏང་ཡོད་པས། རྡོ་སྣུམ་ཉོ་བར་དངུལ་སྤྲོད་རྒྱུར་དཀའ་ངལ་འཕྲད་བཞིན་འདུག་པས། རྒྱ་གར་ནས་ཨུ་རུ་སུར་ཕྱིར་འདྲེན་བྱེད་པ་དང་ཨུ་རུ་སུ་ནས་རྒྱ་གར་ལ་ནང་འདྲེན་བྱེད་པའི་ཚོང་ལས་ཁག་གི་སྐབས་སུ། ཨུ་རུ་སུའི་དངུལ་སྒོར་བེད་སྤྱོད་བྱེད་པའི་ལམ་ལུགས་ཤིག་བཟོ་ཐབས་བྱེད་བཞིན་འདུག་པ་དང་། དེ་སྔོན་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་སླེབས་སྐབས། ཚོང་ལས་སྐབས་སུ་ཨུ་རུ་སུའི་དངུལ་སྒོར་བེད་སྤྱོད་གཏོང་བའི་རེ་སྐུལ་བྱས་ཡོད་འདུག གནད་དོན་དེ་དང་འབྲེལ་ནས་ཨ་རིས་བརྗོད་དོན་ལ། གལ་ཏེ་རྒྱ་གར་དང་ཨུ་རུ་སུའི་བར་དུ་ཨུ་རུ་སུའི་དངུལ་སྒོར་བེད་སྤྱོད་བཏང་ནས་ཚོང་ལས་བྱས་ཚེ། ཨ་སྒོར་ལ་བརྟེན་པའི་དཔལ་འབྱོར་ལམ་ལུགས་ལ་གནོད་སྐྱོན་ཐེབས་སྲིད་པ་དང་། ཨུ་རུ་སུའི་དངུལ་སྒོར་གྱི་རིན་ཐང་ལ་ཕན་ཐོགས་ཡོང་བའི་ཉེན་ཁ་ཡོད་སྐོར་བརྗོད་འདུག
ད་ལྟའི་ཆར་རྒྱ་གར་གྱིས་རྒྱལ་ཁབ་གཞན་ལས་མུ་མཐུད་ནས་རྡོ་སྣུམ་ཉོ་བཞིན་ཡོད་ཀྱང་། ཨུ་རུ་སུ་ནས་རྡོ་སྣུམ་ཉོ་བའི་གྲངས་འབོར་ཆེ་རུ་ཕྱིན་ཡོད་ཁར། ཨ་རི་ནས་རྡོ་སྣུམ་ཉོ་བའི་གྲངས་འབོར་ཆུང་དུ་ཕྱིན་འདུག་པས། དེ་ནི་སྲིད་དོན་དང་འབྲེལ་བ་མེད་ཁར། རིན་གོང་ལ་འབྲེལ་བ་ཡོད་པ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།