རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་དཔྱད་ཁྲ་རྩོད་རྙོག་ཅན་ཞིག་ལ་བསྐྱར་ཞིབ་དགོས་པའི་སྙན་ཕུལ་འདུག

ཨ་ཡོ་དྷའི(Ayodhya)ལྷ་ཁང་གི་བདག་དབང་དང་འབྲེལ་བའི་ཁྲིམས་གཏུག་ནང་། རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གིས་བཏང་བའི་དཔྱད་ཁྲ་དེ་དྲང་བདེན་མ་ཡིན་པ་དང་། བསྐྱར་དུ་ཞིབ་དཔྱོད་དགོས་པའི་སྙན་ཞུ་ཕུལ་ཡོད་འདུག

དེ་ཡང་རྒྱ་གར་གྱི་ཁ་ཆེ་དང་ཧིན་དྷུའི་ཆོས་ལུགས་གཉིས་ཀྱི་རྩོད་རྙོག་ཆེ་ཤོས་གཅིག་སྟེ། ཨ་ཡོ་དྷའི་(Ayodhya)ལྷ་ཁང་གི་བདག་དབང་དང་འབྲེལ་བའི་ཁྲིམས་གཏུག་ལ། རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གིས་ཉེ་སྔོན་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་ལྷ་ཁང་དེའི་བདག་དབང་ཧིན་དྷུ་ལ་ཡོད་པ་དང་། ཁ་ཆེའི་ཆོས་ལུགས་ལ་ལྷ་ཁང་བཞེངས་སའི་ས་ཆ་གཞན་ཞིག་སྟེར་བའི་ཁྲིམས་ཐག་བཅད་སྟབས། ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲང་བ་ཚོས་ཆེས་མཐོའི་ཁྲིམས་ཁང་གི་དཔྱད་ཁྲ་དེ་དྲང་བདེན་ཆགས་མེད་ཚུལ་བཤད་དེ། ཁ་སང་རེས་གཟའ་པ་སངས་ཉིན་ཆེས་མཐོའི་ཁྲིམས་ཁང་ལ་ཉེ་སྔོན་གྱི་དཔྱད་ཁྲ་དེར་བསྐྱར་ཞིབ་དགོས་པའི་སྙན་ཞུ་མ་འདྲ་བ་མ་མཐར་ཡང་བདུན་ཙམ་ཕུལ་ཡོད་འདུག

བསྐྱར་ཞིབ་དགོས་པའི་སྙན་ཞུ་དེ་དག་ནི་ཁྲིམས་གཏུག་དེ་དང་འབྲེལ་བའི་མི་སྒེར་རྣམས་ཀྱིས་ཕུལ་ཞིང་། རྒྱ་གར་རྒྱལ་ཡོངས་ཁ་ཆེའི་ཁྲིམས་ལུགས་ཚོགས་པ་(All India Muslim Personal Law Board)ཡིས་རྒྱབ་སྐྱོར་བྱས་པ་ཡིན་འདུག ཁྲིམས་ལུགས་ཚོགས་པ་དེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག ཚོགས་པ་དེའི་དྲུང་ཆེ་ཛ་ཧྥ་ཡབ-འཇི་ལི་ན་(Zafaryab Jilani)ཡིས་“སྙན་ཞུ་དེ་དག་ཁྲིམས་གཏུག་ནང་ཚུད་པའི་མི་སྒེར་ ༧ གྱིས་ཕུལ་བ་རེད་ལ། སྙན་ཞུ་གཅིག་ལ་འབུལ་མཁན་གཉིས་ཡོད་རེད”ཅེས་བཤད་ཡོད་འདུག

སྙན་ཞུ་དེ་དག་གི་ནང་ཉེ་སྔོན་གྱི་དཔྱད་ཁྲ་དེར་བསྐྱར་ཞིབ་བྱེད་རྒྱུ་ནི་དྲན་བདེན་འཚོལ་བའི་ཆ་ཤས་ཤིག་ཡིན་ཚུལ་བརྗོད་པའི་ཐོག ཆེས་མཐོའི་ཁྲིམས་ཁང་གིས་དྲང་བདེན་གྱི་ཚབ་ཏུ་ཞི་བདེ་གཙོ་བོར་བཟུང་ཡོད་ཀྱང་། དྲང་བདེན་མེེད་པར་ཞི་བདེ་ཡོང་ཐབས་བྲལ་བའི་གནད་དོན་དེ་རྟོགས་མེད་ཅེས་འཁོད་ཡོད་འདུག 

ཧ་ཅང་རྩོད་རྙོག་ཆེ་བའི་དཔྱད་ཁྲ་དེ་ཕྱིར་བསྒྲགས་བྱས་ནས་ཉིན་༨ སོང་བའི་རྗེས། རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེ་བ་རཱན་ཇན-གྷོ་གྷོ་(Ranjan Gogoi)ལས་གནས་ནས་བགྲེས་ཡོལ་ཞུས་པར་བརྟེན། ཐེངས་འདིའི་གྱོད་དོན་ནང་ཁྲིམས་དཔོན་ཆེ་བ་གསར་པ་ཞིག་བསྐོས་ཡོད་པ་དང་། ཁོང་དང་ཁྲིམས་དཔོན་གཞན་བཞི་ཡིས་ཐོག་མར་སྙན་ཞུ་དེ་དག་དངོས་སུ་ཁྲིམས་ཁང་དུ་ཉན་ཞིབ་བྱེད་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན་འདུག

ལོ་ངོ་བཅུ་ཕྲག་དུ་མའི་རིང་ཧིན་དྷུ་དང་ཁ་ཆེ་གཉིས་ཀྱི་རྩོད་གཞིར་གྱུར་བའི་ས་ཆ་དེ་ནི། རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཨུའུ་དྷར་ཕར་དྷེ་ཤི་ཡི་ཨ་ཡོ་དྷ་ཞེས་པའི་གྲོང་རྡལ་དུ་ཡོད་ཅིང་། དེའི་རྒྱ་ཁྱོན་ལ་རྐང་རྩེད་སྤོ་ལོའི་ཐང་ཙམ་( ཨེ་ཀར་ ༢.༧༧)ཡོད།

གནས་དེར་དུས་རབས་༡༦ ནང་བཞེངས་པའི་ཁ་ཆེའི་ལྷ་ཁང་ཞིག་ཡོད་སྟབས། ཁ་ཆེའི་གནས་ཆེན་ཞིག་ཡིན་ལ། དེ་བཞིན་ཧིན་དྷུ་ཚོས་ཀྱང་ས་ཆ་དེ་ནི་རྒྱལ་པོ་རཱ་མ་ཡ་ཎ་སྐུ་འཁྲུངས་སའི་གནས་ཆེན་ཡིན་ཟེར་ནས་ཤིན་ཏུ་རྩ་ཆེན་དུ་འཛིན་པ་མ་ཟད། ཁ་ཆེའི་ལྷ་ཁང་དེ་མ་བཞེངས་གོང་དུ་དེར་ཧིན་དྷུའི་ལྷ་ཁང་ཞིག་ཡོད་ཚུལ་བཤད་ཀྱི་ཡོད།

རྩོད་གཞི་དེ་ལ་བརྟེན་ནས་ཕྱི་ལོ་༡༩༩༢ ལོར་ཧིན་དྷུའི་ཆོས་ལུགས་ཀྱི་རྗེས་འབྲང་བ་ཚོས་ལོ་ངོ་བརྒྱ་ཕྲག་ཕྱིན་པའི་ཁ་ཆེའི་ལྷ་ཁང་དེ་རྩ་གཏོར་བཏང་ནས་དྲག་པོའི་འཁྲུག་འཛིང་བསླངས་སྟབས། མི་མང་ ༢༠༠༠ ཙམ་གྱི་ཚེ་སྲོག་ཤོར་བ་ལས་ཕལ་ཆེ་བ་ཁ་ཆེ་ཡིན།།

གསར་འགོད་པ་དཀོན་མཆོག་རབ་བརྟན།

Leave a Reply

Your email address will not be published. Required fields are marked *