རྒྱ་གར་དམངས་གཙོའི་དུས་དྲན་དང་ཨོ་བྷ་མའི་འཚམས་གཟིགས།
དེ་རིང་རྒྱ་གར་དམངས་གཙོའི་དུས་དྲན་ཐེངས་༦༦ པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འཆར་ཅན་ལྟར་ཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པ་དང་། ཉིན་གཅིག་སྔོན་རྒྱ་གར་དུ་འབྱོར་མ་ཐག་པའི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ཡོད་པ་རེད།
དེ་རིང་རྒྱ་གར་དམངས་གཙོའི་དུས་དྲན་ཐེངས་༦༦ པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འཆར་ཅན་ལྟར་ཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པ་དང་། ཉིན་གཅིག་སྔོན་རྒྱ་གར་དུ་འབྱོར་མ་ཐག་པའི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ཡོད་པ་རེད།
ཕྱི་ཟླ་༡ པོའི་ཚེས་༢༦ ཉིན་གྱི་ཞོགས་པའི་ཆར་པ་ཟིམ་ཟིམ་ཁྲོད་རྒྱ་གར་དམངས་གཙོའི་དུས་དྲན་ཐེངས་༦༦ པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡི་ར་རྗི་པ་ཐི་གཞུང་ལམ་སྟེང་སྲུང་བརྩི་ཞུས་ཏེ། མཛད་སྒོའི་སྐུ་མགྲོན་གཙོ་བོར་གཟའ་ཉི་མའི་ཉིན་རྒྱ་གར་དུ་ཉིན་གསུམ་རིང་གཟིགས་སྐོར་ལ་འབྱོར་བའི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་། རྒྱ་གར་གྱི་སྲིད་བློན་དང་སྲིད་འཛིན་རྣམ་གཉིས་གཙོས་པའི་གཞུང་གི་ཞི་དྲག་གཉིས་ཀྱི་དཔོན་རིགས་མཉམ་ཞུགས་ཐོག ལྟད་མོ་བ་མང་ཚོགས་སྟོང་ཕྲག་མང་པོའི་དགའ་བསུའི་ཐལ་སྒྲ་དང་རྔ་གླིང་རོལ་མོ་འབུད་རྡུང་བཀྲོལ་གསུམ་ཁྲོད་དུས་དྲན་མཛད་སྒོ་དབུ་འཛུགས་བྱས། མཛད་སྒོའི་སྐབས་འཆར་ཅན་ལྟར་རྒྱ་གར་གྱི་སྐམ་མཚོ་མཁའ་གསུམ་གྱི་དྲག་ཆས་དམག་དཔུང་གི་སྟོབས་ཤུགས་ངོམ་ཤོམ་གྱི་རུ་སྒྲིག་ཁྲོམ་སྐོར་དང་། རྒྱ་གར་གྱི་ཆོས་ལུགས་དང་མི་རིགས་འདྲ་མིན་གྱི་མངའ་སྡེ་སོ་སོའི་ཐུན་མོང་མ་ཡིན་པའི་སྣ་མང་རང་བཞིན་ཅན་གྱི་རིག་གཞུང་འགྲེམས་སྟོན། དེ་བཞིན་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་སྐུ་གཤེགས་དཔའ་བོའི་ནང་མིར་ཆེ་མཐོང་གཟེངས་བསྟོད་ཀྱི་གསོལ་རས་བསྩལ་བ་སོགས། རྒྱ་གར་ལ་རང་བཙན་གཙང་མ་ཐོབ་པའི་རྗེས་རང་དབང་དམངས་གཙོའི་ལམ་ལུགས་མངོན་འགྱུར་བྱུང་སྟེ་མི་ལོ་༦༦ འཁོར་བའི་དུས་དྲན་ཁྱད་པར་ཅན་གཞུང་དམངས་གཉིས་ཀྱིས་སྲུང་བརྩི་ཟབ་རྒྱས་ཞུས་འདུག
ཟླ་འདིའི་ཕྱི་ཚེས་༢༥ རེས་གཟའ་ཉི་མའི་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འབྱོར་ཏེ་ཉིན་གསུམ་རིང་གི་གཟིགས་སྐོར་དབུ་འཛུགས་བྱས་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མའི་ཐེངས་འདིའི་རྒྱ་གར་གྱི་གཟིགས་སྐོར་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ལ་ངོས་འཛིན་བྱེད་བཞིན་པ་མ་ཟད། རྒྱ་གར་དམངས་གཙོའི་དུས་དྲན་མཛད་སྒོར་མཉམ་ཞུགས་བྱས་པའི་ཨ་རིའི་སྲིད་འཛིན་ཐོག་མ་ཆགས་ཡོད་འདུག རེས་གཟའ་ཉི་མའི་ཉིན་སྲིད་འཛིན་ཨོ་བྷ་མས་རྒྱ་གར་གྱི་སྲིད་བློན་ནཱ་རེ་ཌར་མཱོ་ཏི་དང་མཇལ་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་དང་དམག་དོན། བདེ་འཇགས། རྡུལ་ཕྲན་གནད་དོན། ཁོར་ཡུག་དང་མཁའ་རླུང་གཙང་བཟོ་སོགས་གལ་ཆེའི་གནད་དོན་རིམ་པ་ཁག་ཅིག་གི་ཐོག་ལ་གྲོས་འཆམ་བྱུང་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མ་དང་སྲིད་བློན་མཱོ་ཏི་གཉིས་མཇལ་འཕྲད་རྗེས་ཀྱི་གསར་འགོད་ལྷན་ཚོགས་ཐོག ཁོང་གཉིས་ཀྱིས་“རྒྱ་གར་དང་ཨ་རིའི་བར་གྱི་ཕྱི་སྲིད་འབྲེལ་ལམ་གཏིང་ཟབ་ཏུ་འགྲོ་བ་ནི། རྒྱལ་ཁབ་གཉིས་ཀྱི་ནང་“གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་”ལོངས་སུ་སྤྱོད་བཞིན་པར་བརྟེན་ནས་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་མང་རྣམས་“རང་དབང”་དང་“ཆེ་མཐོང་།” “རང་ཚུགས”་ཀྱི་རིན་ཐང་ལ་ཡིད་ཆེས་བརྟན་པོ་ཡོད”་ཅེས་སོགས་བརྗོད་འདུག་ལ། སྲིད་འཛིན་ཨོ་བྷ་མས་ཕྱི་ཚེས་༢༧ བར་རྒྱ་གར་དཔོན་རིགས་ཁག་ལ་མཇལ་འཕྲད་དང་། མང་ཚོགས་ལ་གཏམ་བཤད་སོགས་ཀྱི་མཛད་རིམ་ཡོད་པ་རེད།
ཕྱི་ལོ་༡༩༤༧ ལོའི་ཟླ་༨ པའི་ཚེས་༡༥ ཉིན་རྒྱ་གར་གྱིས་དབྱིན་ཇིའི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་སྟེ་ལོ་གསུམ་ཕྱིན་པའི་རྗེས། ཕྱི་ལོ་༡༩༥༠ ལོའི་ཟླ་༡ པོའི་ཚེས་༢༦ ཉིན་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དངོས་སུ་ལག་བསྟར་བྱས་ཐུབ་པ་བྱུང་སྟེ། ཉིན་མོ་དེ་ནི་རྒྱལ་ཁབ་ཀྱི་དམངས་གཙོའི་དུས་དྲན་དུ་སྲུང་བརྩི་བྱེད་བཞིན་པ་དང་། རྒྱ་གར་རྒྱལ་ཁབ་ཀྱི་གཞུང་འབྲེལ་གུང་སེང་དུས་ཆེན་ཁག་གསུམ་ལས་གཅིག་ཆགས་ཡོད་ཅིང་། ཕྱི་ལོ་༢༠༡༥ ལོ་ནི་དམངས་གཙོའི་དུས་དྲན་ཐེངས་༦༦ ཡིན་པ་རེད།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།