རྒྱ་གར་ནང་ཁ་ཆེའི་སྐད་ཅིག་ཉིད་ལ་བཟའ་འཐོར་བྱེད་པའི་ལུགས་སྲོལ་དེ་ཁྲིམས་འགལ་བཟོས། 

ཟླ་འདིའི་ཚེས་༣༠ ཉིན་རྒྱ་གར་གྲོས་ཚོགས་ཀྱིས་ཁ་ཆེའི་སྐད་ཅིག་ཉིད་ལ་བཟའ་འཐོར་བྱེད་པའི་ལུགས་སྲོལ་དེ་ཁྲིམས་འགལ་བཟོ་བའི་ཁྲིམས་འཆར་ལ་མོས་མཐུན་བྱས་ཡོད་འདུག 

ཟླ་འདིའི་ཚེས་༣༠ ཉིན་རྒྱ་གར་གྲོས་ཚོགས་ཀྱིས་ཁ་ཆེའི་སྐད་ཅིག་ཉིད་ལ་བཟའ་འཐོར་བྱེད་པའི་ལུགས་སྲོལ་དེ་ཁྲིམས་འགལ་བཟོ་བའི་ཁྲིམས་འཆར་ལ་མོས་མཐུན་བྱས་ཡོད་འདུག 

ཁ་ཆེའི་ལུགས་སྲོལ་དེ་ལ་ཡོངས་གྲགས་སུ་“ཏ་ལཱག་ཐེངས་གསུམ་”(བཟའ་འཐོར་བྱེད་ཅེས་ཐེངས་གསུམ་བཤད་པ།)ཟེར་ཞིང་། ལུགས་སྲོལ་དེའི་ནང་ཁ་ཆེའི་སྐྱེས་པ་ཞིག་གིས་ངག་ནས་སམ། ཡང་ན་གློག་འཕྲིན་དང་འཕྲིན་ཐུང་གང་རུང་བརྒྱུད་དེ་“ཏ་ལཱག”ཅེས་ཐེངས་གསུམ་བཤད་པ་ཡིན་ན། སོ་སོའི་ཆུང་མ་དང་བཟའ་འཐོར་བྱེད་ཆོག 

རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་༢༠༡༧ ལོར་ལུགས་སྲོལ་དེ་རྩ་ཁྲིམས་དང་འགལ་ཚུལ་བསྒྲགས་ཡོད་ཅིང་། ཁྲིམས་འཆར་གསར་པར་རྒྱབ་སྐྱོར་བྱེད་མཁན་ཚོས་དེས་ཁ་ཆེའི་བུད་མེད་རྣམས་སྲུང་སྐྱོབ་བྱེད་ཀྱི་ཡོད་ཚུལ་བཤད་ཀྱང་། དེ་ལ་དགག་པ་རྒྱག་མཁན་ཚོས་ཁྲིམས་འཆར་དེའི་ཉེས་ཆད་ལྗི་དྲགས་པ་དང་། ཁྲིམས་འཆར་དེ་བེད་སྤྱོད་ལོག་པ་གཏོང་སྲིད་ཚུལ་བརྗོད་འདུག 

ཁ་སང་རེས་གཟའ་མིག་དམར་ཉིན་གཏན་ལ་ཕབ་པའི་ཁྲིམས་གསར་པ་དེ་དང་འགལ་བའི་སྐྱེས་པ་རྣམས་ལོ་གསུམ་བར་བཙོན་ཁང་དུ་འགྲོ་དགོས་ཀྱི་ཡོད་འདུག 

ཁྲིམས་འཆར་དེ་ཐོག་མར་༢༠༡༧ ལོར་བཏོན་ཡོད་ཀྱང་། གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་དེ་དྲང་བདེན་མ་ཡིན་ཚུལ་བཤད་དེ་ལྷག་ཡོད་པ་དང་། ད་ལྟ་རྒྱ་གར་གཞུང་འཛིན་མཁན་བྷི་ཇེ་ཕི་ཚོགས་པ་(BJP) ཡིས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། ཁང་གྷི་རི་སི་ཚོགས་པས་(Congress party) དགག་པ་བྱེད་ཀྱི་ཡོད་འདུག 

རེས་གཟའ་མིག་དམར་ཉིན་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེར་མང་མོས་འོས་བསྡུ་བྱས་པའི་ཁྲོད། འོས་ལས་གཡོལ་མཁན་མང་པོ་བྱུང་རྗེས། མོས་མཐུན་གྱི་འོས་ཤོག་༩༩ དང་དགག་པའི་འོས་ཤོག་༨༤ བྱུང་ནས་ཁྲིམས་འཆར་དེ་གཏན་ལས་ཕབ་ཡོད་འདུག 

རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་འཕྲལ་མ་ཉིད་དུ་ཐྲོ་ཐྲར་དྲྭ་བའི་ཐོག་“དུས་རབས་བར་མའི་ལུགས་སྲོལ་རྙིང་པ་དེ་གཞི་ནས་ལོ་རྒྱུས་ཀྱི་སྙིགས་ཟོམ་ནང་གཡུགས་ཡོད། གྲོས་ཚོགས་ཀྱིས་’ཏ་ལཱག་ཐེངས་གསུམ་’མེད་པ་བཏང་ནས་ལོ་རྒྱུས་ཀྱིས་ཁ་ཆེའི་བུད་མེད་ཚོ་ལ་བཟོས་པའི་ནོར་འཁྲུལ་ཡོ་སྲང་བྱས་ཡོད། འདི་ནི་ཕོ་མོ་འདྲ་མཉམ་གྱི་རྒྱལ་ཁ་ཞིག་ཡིན་ཞིང་། འདིས་སྤྱི་ཚོགས་ཀྱི་འདྲ་མཉམ་གོང་དུ་སྤེལ་ངེས་”ཞེས་བཀོད་དེ་ཁྲིམས་འཆར་དེར་དགའ་བསུ་བྱས་ཡོད་འདུག 

ཡིན་ན་ཡང་། གཞན་རྣམས་ཀྱིས་ཧིན་དྷུ་མཆོག་འཛིན་གྱི་ལྟ་བ་ལྡན་པའི་བྷི་ཇེ་ཕི་ཚོགས་པས་ཁ་ཆེ་ལ་གནོད་པ་སྐྱེལ་བའི་དམིགས་འབེན་འཛིན་གྱི་ཡོད་པའི་ཉེས་འཛུགས་བྱེད་ཀྱི་ཡོད་འདུག་སྟེ། རྒྱ་གར་རྒྱལ་ཡོངས་ཁ་ཆེའི་ཚོགས་པའི་(All India Majlis-e-lttehadul Muslimeen Party) འཐུས་མི་ཨ་ས་ཌོ་ཌོན་(Asduddin Owaisi) གྱིས་ཁྲིམས་གསར་པ་དེ་ནི་བྷི་ཇེ་ཕིའི་སྲིད་གཞུང་འོག་ཁ་ཆེའི་ཚོགས་པ་ལ་གནོད་པའི་འཇབ་རྒོལ་གཞན་ཞིག་རེད་ཅེས་དགག་པ་བརྒྱབས་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *