རྒྱ་གར་ནང་ཉིན་གཅིག་རིང་ཏོག་དབྱིབས་ནད་པ་འབུམ་གཉིས་དང་ཕྱེད་ཀ་མ་ཟིན་ཙམ་ཐོན་འདུག
དེང་གི་ཆར་འཛམ་གླིང་རྒྱལ་ཁབ་གཞན་དང་གཅིག་མཚུངས་སུ་རྒྱ་གར་ནང་དུ་ཡང་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཛ་དྲག་ཆགས་ནས་ནད་རླབས་གསུམ་པ་འགྲོ་བཞིན་པ་ལྟར། ཟླ་༡ པོའི་ཚེས་༡༢ ཉིན་གྱི་ཉིན་གཅིག་གི་ཏོག་ནད་གསར་པའི་ཁ་གྲངས་དེ་༢,༤༧,༤༡༧ཐོན་ནས། འདས་པའི་ཟླ་བ་བདུན་ནང་ཉིན་གཅིག་གི་ཏོག་ནད་གསར་པའི་ཁ་གྲངས་མཐོ་ཤོས་དེ་ཆགས་འདུག དེ་བཞིན་ནད་མནར་བཞིན་པའི་ཁ་གྲངས་དེ་༡༡,༡༧,༥༣༡ ཆགས་ནས་འདས་པའི་ཉིན་གྲངས་༢༡༦ ནང་མཐོ་ཤོས་དེ་ཆགས་འདུག་པ་དང་། ཉིན་གྲངས་གཅིག་ནང་མི་གྲངས་༣༨༠ ཡི་ཚེ་སྲོག་ཤོར་འདུག
དེ་བཞིན་ཉིན་གཅིག་ནང་ཏོག་དབྱིབས་ནད་དུག་གི་ནད་འབུ་རིགས་གསར་པ་ཨོ་མེར་ཁོན་ཡོད་པའི་ནད་པ་གསར་པ་༦༢༠ བྱུང་ནས་ད་བར་ནད་འབུ་རིགས་གསར་པ་དེ་ཐོན་མཁན་མི་གྲངས་༥༤༨༨ རེད་འདུག དེའི་ཁོངས་ནས་མི་གྲངས་༢༡༦༢ ཞིག་དྲག་བསྐྱེད་བྱུང་བའམ་རྒྱལ་ཁབ་གཞན་ཏུ་གནས་སྤོ་བྱས་ཟིན་ཡོད་འདུག ནད་འབུ་རིགས་གསར་པ་དེ་མང་ཤོས་ཐོན་ཡུལ་གྱི་མངའ་སྡེ་ནི་མཱ་ཧ་རཱ་ཤེ་ཀྲེ་ར་དང་། དེ་ནས་རཱ་ཇི་སེ་ཐན། ལྡི་ལི། ཀཱེ་རེ་ལ། ཀར་ན་ཀྲ་ཀ་བཅས་རེད་འདུག
བོད་མི་མང་པོ་གནས་ཡུལ་གྱི་ཧི་མ་ཅལ་མངའ་སྡེར་ཉིན་གཅིག་ནང་ཏོག་ནད་གསར་དུ་ཐོན་པའི་ཁ་གྲངས་ནི་༡༨༠༤ ཡིན་འདུག་པ་དང་། མི་གྲངས་གསུམ་གྱི་ཚེ་སྲོག་ཤོར་འདུག དེ་བཞིན་མངའ་སྡེ་དེའི་ནང་ཏོག་ནད་གསར་པ་མང་ཤོས་ཐོན་མཁན་གྱི་རྫོང་ནི་བོད་མི་མང་ཤོས་གནས་ཡུལ་གྱི་ཀང་ར་རྫོང་རེད་འདུག་ལ། དེ་ཁུལ་གྱི་བོད་མི་ཡང་མི་ཉུང་བ་ཞིག་ལ་ཏོག་ནད་ཐོན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།